སུམ་ལྡན་བླ་མའི་བསྟོད་པ་གངས་སེང་དཀར་མོའི་ང་རོ།

རྩོམ་ཁུངས། རེབ་གོང་བོན་མང་དྲ་ཚིགས། རྩོམ་པ་པོ།   ཁྲི་སྨྱུག་དགའ།

མདོ་སྡེ་འབུམ་གྱི་བདུད་རྩིའི་ཆུ་གཏེར་ཐུགས་ཀྱི་བུམ་པའི་བཅུད་དུ་འཁྱིལ།།
ཟབ་གསང་སྔགས་ཀྱི་ཐུན་མིན་གདམ་ངག་མགྲིན་པའི་དཀྱིལ་འཁོར་དབུས་ནས་འཇོ།།
རྫོགས་ཆེན་རྒྱུད་སྡེའི་ཟབ་གདམ་སྦྲང་ཆར་ལས་ལྡན་རྐང་གཉིས་གསོས་སུ་སྨིན།།
ཨེ་མ་བདག་གི་སྤྱི་གཙུག་རྒྱན་དུ་ཉི་ཟླའི་ཡན་གྱི་སློབ་དཔོན་བཞུགས།།
མཎ་འཇིལ་བུམ་རྫོང་སྨིན་གྲོལ་གླིང་ནས་གྲུབ་དབང་བླ་མའི་དགོངས་རྩལ་བླངས།།
ལུང་དཀར་གཤེན་བསྟན་རིན་ཆེན་གླིང་ནས་མཉམ་མེད་བླ་མའི་སྙིང་ཐིག་རོལ།།
བརྩོན་པའི་མེ་ལྕེས་ལེ་ལོའི་མུན་བསྲེགས་ཤེས་རབ་རིག་པའི་གུར་ཁང་བཞེངས།།
གཞུང་ཆེན་རྒྱ་མཚོ་ཧུབ་ཀྱིས་བཞེས་ཏེ་མང་འདུས་རྒྱ་མཚོའི་ཀླད་ན་འཕགས།།
རྣམ་དཔྱོད་རིག་པའི་གཤོག་ཟུང་བརྐྱང་སྟེ་ཤེས་བྱའི་མཁའ་མཐའ་ངལ་མེད་གཞལ།།
ངེས་དོན་བཤེས་གཉེན་ལ་ཐོད་བཅིངས་ཏེ་གངས་སེང་བསྣོལ་བའི་ཁྲི་ལ་ཕེབས།།
ཆོག་ཤེས་དམ་པའི་འཚོ་གོས་གསེང་ནས་དམ་པའི་རང་གཤིས་ཕྱི་ལ་མངོན།།
དད་ལྡན་སློབ་ཚོགས་པད་ཚལ་བཞད་ལ་ཐུགས་ཀྱི་བདུད་རྩི་སྨན་ཆར་ཕབ།།
རྒྱལ་བའི་རྒྱལ་ཚབ་སྨན་རི་ཆེན་མོའི་བཀའ་ལུང་མི་འདོར་སྲོག་ལྟར་གཅེས།།
རང་དགོན་སྐྱབས་རྗེ་མཆོག་སྤྲུལ་བླ་མའི་ཐུགས་ཀྱི་གཟིགས་པ་མ་དོར་ཏེ།།
གྱིམ་ཤོད་དབུས་རི་ཤེལ་བྲག་ཚལ་ནས་འཆད་ཉན་བསྟན་པའི་ཉི་གཞོན་འཛུམ།།
འཆད་ལ་ངལ་མེད་དུས་དྲུག་ཀུན་ཏུ་སློབ་མའི་ཚོགས་ལ་ཤེས་རབ་སྦྱིན།།
ཐུགས་རྗེའི་ཟླ་བ་དགུང་ལ་འཛུམ་པས་རིས་མེད་འཁོར་འབངས་ངང་གིས་དུད།།
ཉིད་ཀྱི་བྱམས་བརྩེ་ཉི་འོད་ལ་བརྫུས་སློབ་ཚོགས་པད་མོའི་ཁྲོད་དུ་ལྷུང་།།
གྱེར་བསྟན་སྲོག་གི་རྩ་བར་བཞག་ནས་ངལ་བ་ཁྲི་སྟོང་འཛུམ་གྱིས་བསུས།།
གསུང་རབ་རིན་ཆེན་འགྲོ་བའི་མགོན་དུ་འཛམ་གླིང་མཛེས་པའི་རྒྱན་དུ་བཞེངས།།
བསྟན་དང་འགྲོ་བའི་དོན་ཆེན་ཁུར་བཞེས་སྐད་ཅིག་དལ་མེད་བརྩོན་པའི་ཚེ།།
འཛམ་གླིང་གཡས་སྐོར་ཉི་མ་གཞོན་ནུ་ཅུང་ཙམ་དལ་བའི་སྣང་བ་སྟེར།།
ཨེ་མ་ཁ་བཤད་ཙམ་མིན་དོན་གྱིས་བསྟན་པ་སྐྱོང་མཛད་པ།།
སྐད་དང་ཡི་གེ་རིག་གཞུང་ཆོས་ལུགས་གངས་ཀྱི་རྒྱུད་ལ་བསྒྲོན་པ་ནི།།
དམ་པ་ཁྱེད་ཀྱི་མཛད་པ་ཡིན་སོང་གངས་ཁྲོད་འགྲོ་བའི་བསོད་སྐལ་ལགས།།
འཆད་པ་ངག་གི་མགྲིན་རྔ་བརྡུང་ན་ཐོས་འཛིན་དབང་པོ་དོན་ཡོད་བྱེད།།
གནད་སྨིན་ཟབ་གདམ་སྦྲང་ཆར་འཇོ་ན་དུས་ཀྱི་ཐལ་རླུང་ངང་གིས་ཞི།།
ཐབས་ཤེས་ཟུང་གི་གོ་ཆ་བགོས་ཏེ་བསྟན་པའི་བླ་སྲོག་སྲུང་བའི་ཚེ།།
བསྟན་སྐྱོང་གཅེན་ལྷ་དཔལ་མགོན་བརྒྱ་རྩ་རེ་ཞིག་ངལ་གསོའི་སྣང་བ་བསྐྲུན།།
འདྲ་མཉམ་ལྟ་བ་གླེང་མཁན་མང་ངོ་དོན་གྱི་ཐོག་ནས་རྩོད་མཁན་དཀོན།།
ཉམ་ཆུང་འགྲོ་བའི་ལས་སྐལ་དོན་དུ་སྐུ་གསུང་ཐུགས་གསུམ་མི་ངལ་ཏེ།།
ཤེས་རིག་འོད་ཀྱི་སྣང་བ་དཀར་པོ་རིས་མེད་འགྲོ་ལ་སྦྱིན་མཛད་པ།།
སྐྱབས་རྗེ་བླ་མའི་མཛད་པ་ཡིན་ནོ་མཐོ་རིམ་འགྲོ་བའི་བློ་ལས་འགོངས།།
མལ་སའི་དཀྱིལ་ནས་བསྟན་པ་གླེང་བ་དུས་ཀྱི་དར་སྲོལ་ཞིག་ཏུ་འཁུམ།།
སངས་རྒྱས་སྟོན་པས་བཀའ་འཁོར་བསྐོར་མིན་དཔྱད་ཞིབ་བྱ་སར་ཐུག་པའི་ཚེ།།
སྐད་ཆ་སྦོམ་པོ་རེ་ཞིག་བཞག་སྟེ་བསྟན་པ་ཕྱག་གིས་སྐྱོར་བ་པོ།།
ངེས་དོན་མགོན་པོ་ཁྱེད་ཉིད་ཡིན་ནོ་སྐུ་སྲོག་མི་ཤིག་རྒྱ་ཡིས་ཐོབས།།
ས་སྟེང་བླ་མ་སེམས་དཔས་ལོས་གང་འདུལ་དཀའ་སྙིགས་མའི་འགྲོ་བ་རེད།།
ལས་ཀྱི་ལྷ་སྐལ་སོ་སོར་ཕོག་པ་སོ་སོས་སྤྱི་བོའི་གཙུག་ཏུ་མཆོད།།
ཁ་དང་ལག་ལ་འཇོན་ཐང་ཆེ་ཡང་གང་འདོད་བཀོལ་ལ་བདག་མི་དགྱེས།།
ཡུན་རིང་སྐུ་ཡི་གམ་དུ་བཅར་ཅིང་མདོ་སྔགས་རྫོགས་གསུམ་ཁྲིད་གདམ་བླངས།།  
སྐབས་རེར་ངག་གི་རོལ་མོ་འགའ་ཡང་མ་འབད་ཤུགས་ལ་རྡོལ་བའི་ཚེ།།
སུམ་ལྡན་བླ་མའི་བསྟོད་པ་ཅུང་ཞིག་འཆར་ཤེལ་ངོས་སུ་ཤར་རེར་བཀོད།།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།