བོན།

རྩོམ་པ་པོ། འཕན་འོ་མཚོ། རྩོམ་ཁུངས། རེབ་གོང་བོན་མང་དྲ་ཚིགས།

བོན་ནི་ཡེ་སྲིད་འཕྲོ་འདུའི་རྨུ་ཐག་ཡིན།།
བོན་ནི་ལྷ་བབ་ཐིམ་བུ་རྨུ་སྐས་ཡིན།།
བོན་ནི་རྒྱུངས་ཡར་གསས་ཀྱི་དམུ་ཡད་ཡིན།།
བོན་ནི་མགོན་བཙུན་ཕྱྭ་ཡི་དར་འཕྲུ་ཡིན།།
བོན་ནི་གཏོ་སྒྲོམ་མཛོད་ཀྱི་ཡང་ཞུན་ཡིན།།
བོན་ནི་དམུ་རྒྱལ་གཤེན་པོའི་པེའུ་ཙེ་ཡིན།།

བོན་ནི་ཁྱུང་རུ་དབལ་སོའི་གཙུག་ནོར་ཡིན།།
བོན་ནི་གསས་མདའ་དུང་གི་ཡུག་མོ་ཡིན།།
བོན་ནི་འཕར་པོ་འཕར་ཆུང་དུང་སྒྲ་ཡིན།།
བོན་ནི་སྟོང་རི་ཆེམ་པའི་རྔ་གསང་ཡིན།།
བོན་ནི་ཁྲི་ལོ་གནམ་གྱི་གྲགས་ལྡིར་ཡིན།།
བོན་ནི་ཆེ་རྒྱལ་རྒོད་ཞུའི་ཉམས་བརྗིད་ཡིན།།

བོན་ནི་ལེ་འུ་གཏོ་ཡི་སྨྲེང་སིལ་ཡིན།།
བོན་ནི་ཇི་ཏིག་མདུད་རྒྱའི་དངོས་མཐོང་ཡིན།།
བོན་ནི་སྣང་རྩིས་འཕྲུལ་གྱི་གབ་ཙེ་ཡིན།།
བོན་ནི་འབུམ་ཁྲི་དཔྱད་ཀྱི་གློག་ལྕེ་ཡིན།།
བོན་ནི་གཡུང་དྲུང་སྲིད་པའི་ཆག་ཤིང་ཡིན།།
བོན་ནི་འཁོར་འདས་བར་མའི་འབྱུང་གཞི་ཡིན།།

བོན་ནི་འོལ་ལུང་ཅ་འབྱེད་རིང་མོ་ཡིན།།
བོན་ནི་གསས་མཁར་བར་པོའི་ཅོག་སོ་ཡིན།།
བོན་ནི་ཨར་མོ་ལི་ཀའི་སྟེགས་ཁྲི་ཡིན།།
བོན་ནི་ཤིང་གི་འཇའ་ཚོན་འོད་འབར་ཡིན།།
བོན་ནི་ཆབ་བསིལ་བདུད་རྩི་ཡར་འཁྱིལ་ཡིན།།
བོན་ནི་མུ་རྒྱུང་ཆགས་པའི་རྨང་རྡོ་ཡིན།།

བོན་ནི་ལོ་རྒྱུས་སྲིད་པའི་ཁ་བྱང་ཡིན།།
བོན་ནི་ཞང་བོད་རིག་པའི་ཕྱི་མོ་ཡིན།།
བོན་ནི་དུ་ཁ་འདག་པའི་དུ་རེ་ཡིན།།
བོན་ནི་ཤེས་རབ་གསལ་བའི་ཀེར་མཛུབ་ཡིན།།
བོན་ནི་མེས་པོའི་བློ་ཡི་གྲོས་འདེབས་ཡིན།།
བོན་ནི་བསྐལ་བར་མུར་བརྒྱུད་ལུང་ཐང་ཡིན།།

བོན་ནི་ཡེ་གྲོལ་ཐིག་ལེ་ཉག་ཅིག་ཡིན།།
བོན་ནི་ཀ་དག་གཉུག་མའི་རང་མདངས་ཡིན།།
བོན་ནི་མཚན་བཅས་དགེ་བའི་དམིགས་གཏད་ཡིན།།
བོན་ནི་མཚན་མེད་སྒྱུ་མའི་དཔེ་འདྲེན་ཡིན།།
བོན་ནི་དྲང་དོན་བཀའ་ཡི་བདེན་བདར་ཡིན།།
བོན་ནི་ངེས་དོན་བསྟན་པའི་གཟུངས་ཞུགས་ཡིན།།

བོན་ནི་ཨ་དཀར་གསལ་བའི་འཛབ་བསྙེན་ཡིན།།
བོན་ནི་མི་ནུབ་ཅག་གེའི་མཚན་མདོ་ཡིན།།
བོན་ནི་ལས་འབྲས་གཞལ་བའི་ཚངས་ཐིག་ཡིན།།
བོན་ནི་རྟེན་འབྲེལ་ཙ་ཀྲའི་རྩུབས་ཁྱུད་ཡིན།།
བོན་ནི་ལེགས་ཉེས་གོ་འབྱེད་ཉག་ཕྲན་ཡིན།།
བོན་ནི་གྱེར་བཟླ་མཚན་པའི་བརྡ་ཆད་ཡིན།།

བོན་ནི་གངས་ཅན་རིག་པའི་ཕྱི་མོ་ཡིན།།
བོན་ནི་ཡང་ཐོག་གདོད་མའི་རིག་གཞུང་ཡིན།།
བོན་ནི་ཆོས་རྒྱུད་མཆེད་པའི་གྲོལ་ཕུག་ཡིན།།
བོན་ནི་ཡབ་མེས་གནམ་གྱི་འཇུ་ཐག་ཡིན།།
བོན་ནི་ལྡེའུ་ཡི་རིག་པའི་དོག་པ་ཡིན།།
བོན་ནི་ཧོར་མིང་མཚོན་པའི་བླ་དྭགས་ཡིན།།

བོན་ནི་ཕྱི་ནང་གསང་བའི་གཏེར་ཁྱིམ་ཡིན།།
བོན་ནི་སྒོ་བཞི་མཛོད་ལྔའི་མངའ་མཛོད་ཡིན།།
བོན་ནི་ཐེག་པ་དགུ་ཡི་ཡང་སྙིང་ཡིན།།
བོན་ནི་ཨ་ཏི་གསང་བའི་ཡོ་ཀ་ཡིན།།
བོན་ནི་ལྷ་གཉན་ཤེལ་གྱི་སྒོ་ང་ཡིན།།
བོན་ནི་སྟོང་ཁམས་བསྐལ་བའི་ཆགས་འཇིག་ཡིན།།

བོན་ནི་བྱམས་ལྷག་སྙིང་རྗེའི་རང་གཟུགས་ཡིན།།
བོན་ནི་མཁྱེན་བརྩེ་ནུས་པའི་ཟིལ་ཤུགས་ཡིན།།
བོན་ནི་འཆམ་མཐུན་ཞི་བའི་ཤུལ་ལམ་ཡིན།།
བོན་ནི་དགའ་བདེ་སྐྱིད་པའི་དགོད་སྒྲ་ཡིན།།
བོན་ནི་འཚེ་མེད་དཔལ་གྱི་འཇུག་ངོགས་ཡིན།།
བོན་ནི་བསྐལ་བར་བཏབ་པའི་རྡོ་རིང་ཡིན།།

བོན་ནི་ཁམས་གསུམ་འཁོར་བའི་ཆིངས་འགྲོས་ཡིན།།
བོན་ནི་མཐུན་བཞི་སྤུན་གྱི་འདང་བརྩེ་ཡིན།།
བོན་ནི་འབྱུང་ལྔའི་བཅུད་ཀྱི་རུ་མ་ཡིན།།
བོན་ནི་རྣམ་དྲུག་ཚེ་ཡི་ཁྲུང་བསིལ་ཡིན།།
བོན་ནི་ནོར་བདུན་གཡང་གི་ཕྱྭ་མདའ་ཡིན།།
བོན་ནི་རྟགས་བརྒྱད་རི་མོའི་མཚན་དཔེ་ཡིན།།

བོན་ནི་སྔོན་པོ་གནམ་གྱི་ཡངས་ངོག་ཡིན།།
བོན་ནི་སེར་པོ་གསེར་གྱི་རང་བཞིན་ཡིན།།
བོན་ནི་དམར་པོ་མེ་ཡི་དབལ་ངད་ཡིན།།
བོན་ནི་ནག་པོ་མུན་པའི་རུ་ཏྲ་ཡིན།།
བོན་ནི་དཀར་པོ་དགེ་བའི་ཁ་འཛིན་ཡིན།།
བོན་ནི་ཁྲ་བོ་གཟི་ཡི་རིན་ཐང་ཡིན།།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།