ཀ་བསྟོད་དབྱར་རྔའི་སྒྲ་དབྱངས།

ཀ་བསྟོད་དབྱར་རྔའི་སྒྲ་དབྱངས།
ཤར་རྫ་བཀྲ་ཤིས་རྒྱལ་མཚན།

  ༄༅། །ངྷིཿ ཀ་དག་སྤྲོས་མཚན་དང་བྲལ་གཞལ་མེད་དབུས། ། ཁ་ལྔས་བཏེགས་པའི་ཁྲི་དང་པད་ཉིའི་གདན། ། ག་ལ་བ་དེར་ལྷ་རྫས་མཆོད་སྤྲིན་དབུས། ། ང་ཡི་ཤེས་རབ་སྤེལ་མཛད་སྨྲ་བའི་སེང་། ། ཅ་ཅོ་མི་མངའ་གཡོ་མེད་ལྷན་ནེ་བ། ། ཆ་ལུགས་རྫོགས་སྐུའི་ཆས་ཅན་པོ་དལ་འཛིན། ། ཇ་ཁུའི་མདངས་ལྟར་དམར་སེར་གཟི་བརྗིད་འབར། ། ཉ་གང་ཟླ་བའི་གདན་ལ་སྐྱིལ་ཀྲུང་བཞུགས། ། ཏ་ཐ་གྷ་ཏའི་སྒོར་ཞུགས་སྒྲུབ་གཤེན་ངས། ། ཐ་དད་མཆོད་པའི་རྒྱན་ཚོགས་བཤམས་སྤྲུལ་བཅས། ། ད་ནས་ཤེས་རབ་ལྷ་མཆོག་ཁྱེད་བསྙེན་ཞིང་། ། ན་མོ་དད་གུས་གདུང་ཤུགས་དྲག་པོས་འདུད། ། པ་རི་མི་ཏའི་ཚེ་དང་ཡེ་ཤེས་གཏེར། ། ཕ་རོལ་རྒོལ་བ་འཇོམས་བྱེད་ཚད་གསུམ་བོན། ། བ་ག་ཡུམ་གྱི་ངེས་གསང་ཟབ་མོའི་དོན། ། མ་ལུས་རྣམ་དཔྱོད་བློ་གྲོས་ཐོག་མེད་སྩོལ། ། ཙ་ཀྲ་བཀའ་ཡི་དགོངས་དོན་པད་ཚལ་དབུས། ། ཚ་ཟེར་རིག་པའི་ཉི་མས་རྟག་འཁྱུད་དེ། ། ཛ་ཡའི་ཞིང་འདིར་རྒྱལ་བསྟན་སྣང་བའི་འོད། ། ཝ་ལེར་འཛིན་སྐྱོང་སྤེལ་བའི་དབང་འབྱོར་གསོལ། ། ཞྭ་བཞིན་གཙུག་གི་རྒྱན་དུ་ཁྱོད་བསྟེན་ན། ། ཟ་མ་ཏོག་ཏུ་འདོད་འབྱུང་དབང་རྒྱལ་བཞིན། ། འ་འུར་བཤད་སྒྲུབ་བོན་གྱིས་ས་ཁྱབ་སྟེ། ། ཡ་མཚན་དགེ་ལེགས་སྣང་བ་རྒྱས་མཛད་གསོལ། ། ར་བ་གངས་རིའི་བསྐོར་བའི་གླིང་ཆེན་པོར། ། ལ་ལུང་ཀུན་ཏུ་བོན་གྱི་མཛོད་འཆང་སྟེ། ། ཤ་ཁྲག་གདོས་པའི་ལུས་རྒྱ་བོར་མ་ཐག ། ས་ལམ་མྱུར་བསྒྲོད་ཀུན་མཁྱེན་མཆོག་ལ་སྦྱོར། ། ཧ་ར་མཁྱེན་གཉིས་རབ་ལྡན་སྤྱན་ཐོབ་སྟེ། ། ཨ་འཐས་གཉིས་འཛིན་འཁྲུལ་མུན་ཀུན་སངས་ནས། ། བློ་གྲོས་མཛོད་འཆང་སྨྲ་བའི་ལྷ་ཁྱོད་དང་། ། མཁྱེན་རབ་རྒྱ་མཚོའི་དགོངས་སྤྱོད་མཉམ་པར་ཤོག ། ཨཱོྃ་ཤྲྀ་མཉྫུ་པྲཛྙ་ཛྙ་ན་སིངྡྷི་ཧཱུྃ། ། ཀུན་རྟོག་སྤྲིན་གྱི་ལྡིང་ཁང་ནས། ། དག་སྣང་གློག་འོད་འཁྱུག་དང་ལྷན། ། བསྡེབ་ལེགས་དབྱར་རྔ་ལྡིར་བའི་དབྱངས། ། སྒྲོགས་འདི་ཤར་རྫའི་རྒྱལ་ཚབ་པས། ། མངྒ་ལཾ། །

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།