རྗེ་བླ་མར་བསྟོད་པ་དབྱངས་ཅན་བཞད་སྒྲ།

རྗེ་བླ་མར་བསྟོད་པ་དབྱངས་ཅན་བཞད་སྒྲ།
སྐྱང་སྤྲུལ་ནམ་མཁའ་བསྟན་འཛིན།

དགེ་བའི་བཤེས་གཉེན་ཚུལ་བཟུང་རྒྱལ་བའི་སྲས། །
ལེགས་པའི་ལམ་བཟང་འགྲོ་ལ་ཡང་ཡང་སྟོན། །
ལྷུན་གྲུབ་ས་ནོན་སེམས་དཔའ་ཡོངས་ཀྱི་ཚབ། །
མངའ་མཛད་རིག་འཛིན་འདུས་པ་རྒྱ་མཚོའི་དཔལ། །

ཀ་དག་གདོད་མའི་རང་རིག་ཀུན་ཏུ་བཟང་། །
ཁ་དོག་འོད་ཀྱི་རང་བཞིན་རྫོགས་པའི་སྐུ། །
ག་ལེར་ཅིར་ཡང་འཆར་བ་སྤྲུལ་བའི་སྐུ། །
ང་ཡི་བླ་མས་དེང་འདིར་ཤིས་པ་སྩོལ། །

ཅ་ཅོ་བབ་ཅོལ་ཚིག་སྤངས་ཉམས་ལེན་ལ། །
ཆ་ལུགས་ལྔ་ལྡན་ལུས་ཀྱི་ཕྱག་རྒྱའི་ངང་། །
ཇ་ཆང་ཟས་གོས་གང་རོལ་ཉམས་ལེན་ཟིན། །
ཉ་གང་ཟླ་བཞིན་རྟོགས་པ་མཐར་ཐུག་བརྙེས། །

ཏ་ཐཱ་ག་ཏ་ཡོངས་ཀྱིས་གཙུག་ཏུ་བཀུར། །
ཐ་མལ་འགྲོ་ཀུན་ཐུགས་རྗེས་བུ་བཞིན་སྐྱོང་། །
ད་ལྟའི་དུས་ལ་བོན་སྐུའི་རྒྱལ་ས་ཟིན། །
ན་ཚའི་འཆི་བདག་འབྱུང་བཞིན་རང་དབང་བསྒྱུར། །

པ་ང་པྲ་ཙེ་སྔགས་འབྲུ་ལ་སོགས་པས། །
ཕ་རོལ་ཕྱི་སྣོད་ཐམས་ཅད་ལྷ་སྐུར་ཤར། །
བ་མོ་ཉི་མས་འཇོམས་བཞིན་གཉིས་འཛིན་དག །
མ་གྱུར་འགྲོ་རྣམས་དག་པའི་ས་ལ་བཀོད། །

ཙ་ཀྲ་ངར་ལྡན་སྔགས་ཀྱི་འཁོར་ལོ་ཡིས། །
ཚ་ཚ་མེ་དཔུང་འཕྲོས་པས་གདོན་རྣམས་བསྲེགས། །
ཛ་དབལ་གདུག་རྩུབ་གནོད་པ་རང་སར་ཞི། །
ཝ་ཀྐི་ཤ་རིས་བཀའ་འཁོར་འགྲོ་ལ་བསྐོར། །

ཞ་ལོང་འགྲོ་རྣམས་ལྷག་པར་བུ་བཞིན་བསྐྱངས། །
ཟ་ལམ་ཉོན་མོངས་དགྲ་རྣམས་དབྱིངས་སུ་བསྒྲལ། །
འ་ཅག་ཡོངས་ཀྱི་སྐྱབས་མགོན་བླ་མ་འདི། །
ཡ་མེད་ས་སྟེང་འདི་ན་ཁྱད་དུ་འཕགས། །

ར་རི་དྲི་བྲལ་གཉུག་མའི་ཉོན་མོངས་སེལ། །
ལ་ལུང་འཁྱམས་པའི་འགྲོ་བའི་ཉོན་མོངས་སེལ། །
ཤ་ཚའི་བདེན་གཏམ་ཁོ་ན་འགྲོ་ལ་སྨྲ། །
ས་ཐོབ་སེམས་དཔའ་ཡིན་ཡང་སྐུ་ལ་འཁོར། །

ཧ་ར་དོན་གྱི་དངོས་གྲུབ་ཅིག་ཆར་བརྙེས། །
ཨ་དོན་དོན་རྟོགས་སྐྱེས་མཆོག་ངོ་མཚར་རྨད། །

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།