བླ་མ་སྨྲ་བའི་སེང་གེ་བོན་བརྒྱ་རིན་པོ་ཆེ་ལ་ཕུལ་བ་དྲང་སྲོང་དགྱེས་པའི་མཆོད་པ།

བླ་མ་སྨྲ་བའི་སེང་གེ་བོན་བརྒྱ་རིན་པོ་ཆེ་ལ་ཕུལ་བ་དྲང་སྲོང་དགྱེས་པའི་མཆོད་པ།
ངེས་དོན།

ཨེ་མ་མཚན་དཔེའི་མཛེས་ཞལ་མངོན་ཤར་སྐུ། །   དྲུག་ཅུའི་དབྱངས་སྙན་ཡིད་འཕྲོག་ལྷ་ཡི་གསུང་། །

ཇི་ལྟ་ཇི་སྙེད་ཝ་ལེར་གཟིགས་པའི་ཐུགས། །    མཁྱེན་རབ་འོད་རྣོན་འགྱེད་གང་གཙུག་ཏུ་མཆོད། །

༼དབྱངས་གསལ་སོ་བཞི་མིང་གཞིར་ཚང་བའི་ཚིགས་བཅད་དོ། །༽

 

མཁྱེན་པའི་ཡོན་ཏན་ནམ་མཁའ་མཛོད་ལ་དབང་། །   བརྩེ་ཆེན་ཐུགས་རྗེས་སྐལ་ལྡན་ཐར་ལམ་སྟོན། །

ནུས་པའི་རྩལ་གྱིས་བདུད་དཔུང་ཅིག་ཅར་གཞོམ། །   བླ་མ་སྨྲ་བའི་སེང་གེར་འགྲན་ཟླ་བྲལ། །

 

བརྒྱ་བའི་སྟོན་མཆོག་གསུང་གི་དགེ་ལེགས་དཔལ། །   ལྷུན་གྲུབ་ཐུགས་ཀྱི་ཡོལ་གོ་ལ་བསྐྱིལ་བས། །

མཁས་གྲུབ་རྒྱ་མཚོའི་ཟུར་ཕུད་སྟེགས་བུ་ལ། །   ངལ་གསོ་ཐོབ་གང་སྲིད་ཞིའི་རྒྱན་དུ་མཆེད། །

 

སྡེ་སྣོད་གཞུང་བརྒྱ་འདོམས་ལ་མི་འཇིགས་མཁས། །   དེ་དོན་ཐོས་བསམ་སྒོམ་སྒྲུབ་བྱེད་པས་བཙུན། །

མདོ་སྔགས་བསྟན་པ་ཕྱོགས་མཐར་སྤེལ་བས་བཟང་། །   བསྟན་པའི་སྲོག་ཤིང་འཛིན་པ་ཁྱོད་ལས་གང་། །

 

སྐུ་མཆོག་གསེར་གྱི་ལྷུན་པོ་མཛའ་ན་མོར། །   མཚན་དཔེ་ཉི་མ་གསར་བས་ལེགས་འཁྱུད་པས། །

གང་ཡང་སྙིང་ལ་དགའ་བདེའི་འདབ་མ་ནི། །   ལྷུག་པར་བཞད་པའི་ལང་ཚོ་ཅིར་ཡང་རྒྱས། །

 

འཆད་རྩོམ་ངག་གི་ཡོན་ཏན་ཆ་རེར་ཡང་། །   སྒྲ་དབྱངས་རྒྱལ་མོའི་ཕང་འགྲོ་ལས་འཕོས་པའི། །

ལེགས་བཤད་སྟོང་གི་དཔལ་ཡོན་རྫོགས་པའི་ཕྱིར། །   དྲི་ཟའི་རོལ་མོ་གཞན་ལ་འདུན་པ་ལྷོད། །

 

རྩོད་པའི་ཐོག་མདའ་ངར་མའི་ཤུགས་གཅིག་གིས། །   སྨྲ་ངན་བྲག་རི་སྟོང་གི་ཕུང་བོ་ཡང་། །

ཐལ་བར་བརླགས་པའི་དྲང་སྲོང་དགྱེས་པའི་གཏམ། །  དབྱར་གྱི་རྔ་གསང་ཇི་བཞིན་ལྷ་ལམ་འགེངས། །

 

གྲུབ་མཐའ་རྒྱ་མཚོའི་ཟབ་གནད་ཡིད་བཞིན་ནོར། །  མཁྱེན་རབ་རྒྱ་མཚོའི་སོར་རྩེར་ལེགས་ཐོབ་པས། །

རྒྱལ་བ་རྒྱ་མཚོ་དགྱེས་པའི་རོལ་མོ་ནི། །   གདུལ་བྱ་རྒྱ་མཚོའི་མཁའ་ལ་བར་མེད་ལྡིར། །

 

ཁྱད་པར་བླ་མེད་ཐེག་པའི་སྒོ་བརྒྱ་ནི། །   འབྱེད་ལ་འཇིགས་མེད་སྨྲ་བའི་དབང་ཐོབ་པས། །

རྒྱལ་བའི་བསྟན་ལ་དྲན་པ་གཉིས་པ་བཞིན། །   འོལ་གླིང་ཞིང་གི་དཔལ་ཡང་ཕམ་པར་བྱས། །

 

བསླབ་གསུམ་བསྟན་པའི་གངས་གྱི་རི་དབང་རྩེར། །  སྡེ་གསུམ་བོན་གྱི་གད་རྒྱངས་ཆེར་སྒྲོག་ཚེ། །

གངས་རིའི་ལྗོངས་ཀྱི་སེང་ཆེན་སྲབ་མེད་དུ། །   མཁའ་ལ་མཆོངས་ཞེས་བདེན་གཏམ་ཕྱོགས་ན་འཕུར། །

 

བཀའ་པོད་གཞུང་བརྒྱའི་བང་བ་ཆེན་པོ་ལས།  །   ཟབ་རྒྱས་དོན་གྱི་ནོར་བུ་འབུམ་བརྡོལ་བ། །

ཐོགས་མེད་བློ་གྲོས་ཤིང་རྟས་ཡོངས་དྲངས་པས། །  དྲེགས་ལྡན་རྣམ་ཐོས་སྲས་ཀྱང་དབུལ་བ་བྱིན། །

 

དུས་ཀྱི་མཐའ་འདིར་ལོག་སྨོན་མཐུ་བརྟས་པས། །  ལོག་པའི་ཚེར་མས་ས་སྟེང་ཁྱབ་གྱུར་ཀྱང་། །

གང་གི་ལུང་རིགས་ཁེབ་ཆེན་ཕྱགས་མ་ཡིས། །  གཙང་མར་ཕྱགས་པས་འཇིག་རྟེན་མཛེས་པ་བྱིན། །

 

མཁས་པའི་ཡོན་ཏན་གསེར་གྱི་འཕྲུལ་འཁོར་གྱིས། །   ཆེར་རློམ་བྱེ་བའི་དོན་སྙིང་བཅས་པ་ནི། །

བྱེ་མར་འཐག་པས་བཀའ་སྐྱོང་མཐུ་ཅན་རྣམས། །  རེ་ཞིག་ངལ་གསོ་བྱིན་པས་སྐྱེངས་པ་འབར། །

 

འགྲན་མེད་ཐུགས་བསྐྱེད་དཔུང་བ་གཏུམ་པོ་ཡིས། །  བཤད་སྒྲུབ་རྒྱལ་མཚན་མཁའ་རུ་མཐོར་བསྒྲེངས་པས། །
གཤེན་བསྟན་མནལ་དུ་གཟིམ་པར་ཆས་པ་ཡང་། །  རྣམ་པར་སད་པའི་སྣང་བ་ཀུན་ནས་རྒྱས། །

 

རྣམ་དག་གཞུང་བརྒྱའི་དཀའ་གནད་ཐ་རམ་རྒྱ། །  རྣམ་དཔྱོད་རྩལ་གྱི་ལྡེ་མིག་གཅིག་གིས་ཀྱང་། །

རྣམ་པར་ཕྱེས་པས་མཁས་རྒུའི་ཡིད་རབ་གླང་། །  རྣམ་འབྱེད་ཀྱོ་བས་བཀུག་པ་མཐའ་མི་མངོན། །

 

པདྨོའི་ཚོགས་ལ་འཁོར་བའི་བུང་བ་བཞིན། །   ལུང་རྟོགས་ཡོན་ཏན་གཟི་མིག་དགུ་བའི་ཆེད། །

ཕྱོགས་ཀྱི་སྐལ་ལྡན་འདུ་བའི་ཡོ་ལང་གིས། །   ས་ཆེན་ཁྱོན་ཡང་ངལ་བའི་རྣམ་འགྱུར་འཛིན། །

 

དྲན་པ་ཡབ་སྲས་གྲུབ་ཐོབ་རྣམ་གསུམ་གྱིས། །   ཞིང་འདིར་རྒྱལ་བསྟན་སྲིད་མཐར་སྤེལ་བའི་སྐལ། །

ཁྱོད་ལ་བཞག་པས་དམ་བཅའ་གཡུང་དྲུང་རིས། །   སྙིང་ལ་བཀོད་བཅས་ཞབས་པད་རྟག་བརྟན་གསོལ། །

 

རབ་འབྱམས་གཞུང་ལུགས་ཤིང་རྟ་ཆེན་པོ་ལ། །   དཔྱད་གསུམ་དག་པའི་གླེགས་བམ་རྩིབས་སྟོང་ཅན། །
ལེགས་པར་བཀོད་དེ་གཤེན་བསྟན་འཛིན་མའི་ཁྱོན། །   འོག་མིན་ལས་ཀྱང་མཛེས་པའི་ལེགས་བྱས་དགོངས། །

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།