དཔལ་ལྡན་བླ་མའི་གསོལ་འདེབས་ཉམས་ལེན་ཀུན་འགྲུབ་དགོས་འབྱུང་ནོར་བུ་བཞུགས་སོ།།

དཔལ་ལྡན་བླ་མའི་གསོལ་འདེབས་ཉམས་ལེན་ཀུན་འགྲུབ་དགོས་འབྱུང་ནོར་བུ་བཞུགས་སོ།།
བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ།

༄༅། །ཨེ་མ་ཧོ། ། གཞི་དབྱིངས་ཀ་དག་བླ་མ་བོན་གྱི་སྐུ། ། ལྷུན་གྲུབ་རང་གསལ་བླ་མ་རྫོགས་པའི་སྐུ། ། གསལ་སྟོང་དབྱེར་མེད་བླ་མ་སྤྲུལ་བའི་སྐུ། ། སྐུ་གསུམ་ངོ་བོ་བླ་མར་གསོལ་བ་འདེབས། ། རྨད་བྱུང་དགེ་ལེགས་འབུམ་གྱི་ཀུན་གསལ་དབྱིངས། ། ཡོན་ཏན་ལྷུན་གྲུབ་འོད་སྟོང་འབར་བས་མཛེས། ། སྐལ་བཟང་རྒྱ་མཚོའི་པད་དཀར་བཞད་པའི་གཉེན། ། ཡོངས་འཛིན་སྨྲ་བའི་ཉི་མར་གསོལ་བ་འདེབས། ། བྱང་ཆུབ་སེམས་ཀྱི་རྩ་བ་རབ་བརྟན་པས། ། སྡོམ་གསུམ་ཚུལ་ཁྲིམས་དཔག་བསམ་ལོ་འདབ་རྒྱས། ། གསང་ཆེན་བསྟན་པའི་རྩེ་མོ་དགུང་དུ་འཛིན། ། མདོ་སྔགས་རྒྱལ་མཚན་བསྒྲེངས་ལ་གསོལ་བ་འདེབས། །འཆད་པའི་ངག་གིས་སྐལ་ལྡན་ཡིད་དབང་འགུག ། རྩོད་པའི་རིག་པས་དཀའ་གནད་མདུད་པ་བཀྲོལ། ། རྩོམ་པ་དབྱངས་ཅན་དགྱེས་པའི་ལེགས་བཤད་ཀྱིས། ། བློ་གྲོས་གཏེར་སྒོ་འབྱེད་ལ་གསོལ་བ་འདེབས། ། སྨིན་བྱེད་དབང་གིས་སྔགས་ཀྱི་ལམ་ལ་བཅུག ། མན་ངག་ཁྲིད་ཀྱིས་རང་རིག་ངོ་སྤྲོད་མཛད། ། ལུང་དང་བྱིན་རླབས་བདུད་རྩིའི་སྦྱིན་པ་འགྱེད། ། བཞི་རྫོགས་བཀའ་དྲིན་ཅན་ལ་གསོལ་བ་འདེབས། ། མཆོག་གསུམ་ངོ་བོ་བླ་མ་སྤྱི་བོར་བསྟེན། ། རྩ་གསུམ་བདག་ཉིད་བླ་མ་སྙིང་དབུས་སྒོམ། ། སྐུ་གསུམ་ངོ་བོ་བླ་མ་སེམས་སུ་ཤེས། ། བོན་སྐྱོང་དབྱེར་མེད་བླ་མས་དུས་ཀུན་སྐྱོངས། ། རྙེད་དཀའི་དལ་འབྱོར་དོན་ཡོད་བྱེད་པ་དང་། ། འཆི་བ་མི་རྟག་སྙིང་ནས་དྲན་པར་ཤོག ། འཁོར་བའི་ཉེས་དམིགས་དུལ་སྦྲུལ་ཚང་ལྟར་མཐོང་། ། དགེ་སྡིག་སྤང་བླང་བྱེད་པར་བྱིན་གྱིས་རློབས། ། སྔར་བྱས་ལས་ལ་སྟོབས་བཞི་བཤགས་སྡོམ་བགྱི། ། སྡིག་ལྟུང་ཐམས་ཅད་ལྷག་མེད་འདག་པར་ཤོག ། རྒྱུ་གསུམ་དད་པས་བཅོས་མིན་སྐྱབས་འགྲོ་དང་། ། བྱམས་དང་སྙིང་རྗེ་བྱང་སེམས་སྐྱེ་བར་ཤོག ། ཕྱིན་དྲུག་བསྡུ་བཞིའི་སྤྱོད་པ་རླབས་ཆེན་གྱིས། ། རྒྱལ་སྲས་དཔའ་བོའི་མཐུ་ཆེན་ཐོབ་པར་ཤོག ། དབང་བཞིའི་བདུད་རྩིའི་རྒྱུན་བཟང་ཡོངས་བསྩལ་བ། ། བདག་རྒྱུད་བུམ་པའི་སྣོད་དུ་སྨིན་པར་ཤོག ། ལྟ་བ་རྣམ་པར་དག་པའི་ནམ་མཁའ་ལ། ། ཐབས་ཤེས་ཉི་ཟླའི་འོད་སྣང་འབར་བར་ཤོག ། སྐྱོན་བྲལ་དམ་ཚིག་གཙང་མའི་ས་གཞི་ལ། ། སྡོམ་གསུམ་བསླབ་པའི་མེ་ཏོག་བཀྲ་བར་ཤོག ། སྒོམ་པ་གསལ་སྟོང་ཟུང་དུ་འཇུག་པ་ཡིས། ། རིམ་གཉིས་ཟབ་མོ་རྣལ་འབྱོར་མཐར་ཕྱིན་ཤོག ། སྤྱོད་པ་རླབས་ཆེན་ཤུགས་འབྱུང་བར་སྣང་དབྱིངས། ། ཉམ་ང་མེད་པའི་རྩལ་གྱིས་བོགས་འབྱིན་ཤོག ། འཕྲིན་ལས་བསྙེན་སྒྲུབ་ཟབ་མོ་ལག་ལེན་ལྟར། ། རྫས་སྔགས་ཕྱག་རྒྱ་ཏིང་འཛིན་འགྲུབ་པར་ཤོག ། རྫོགས་རིམ་གཏུམ་མོའི་ཉམས་ལེན་མཐར་ཕྱིན་ཅིང་། ། སྒྱུ་ལུས་རྨི་ལམ་འོད་གསལ་བར་དོ་སོགས། ། འཕོ་ཆེན་གདམས་པ་ཀུན་ལ་དབང་འབྱོར་བས། ། ཐབས་ལམ་དྲུག་གི་གནད་རྣམས་མངོན་གྱུར་ཤོག ། རླུང་སེམས་ཞུགས་གནས་ཐིམ་པའི་ཡོན་ཏན་གྱིས། ། རོ་རྐྱང་གཉིས་ཀ་དབུ་མར་འཁྲིལ་བ་ཡི། ། མདུད་པ་ཉེར་གཅིག་ཡོངས་སུ་གྲོལ་བ་དང་། ། ལམ་ལྔ་ས་བཅུའི་བགྲོད་པ་མཐར་ཕྱིན་ཤོག ། རྫོགས་ཆེན་གཞི་ཡི་གནས་ལུགས་རྗེན་པར་རྟོགས། ། སེམས་ཀློང་མན་ངག་སྡེ་གསུམ་ཉམས་ལེན་རྫོགས། ། འབྲས་བུ་སྐུ་གསུམ་གོ་འཕང་ཚེ་འདིར་འཐོབ། ། དེ་ཀུན་བླ་མའི་རྣལ་འབྱོར་ལས་གྲུབ་ཤོག ། དེ་ཚེ་ལམ་གྱི་གེགས་དང་གོལ་ས་སོགས། ། ཕྱི་ནང་གསང་བའི་བར་ཆོད་མི་འབྱུང་ཞིང་། ། བསམ་སྦྱོར་ཉམས་ལེན་གནད་དང་མི་འབྲལ་བར། ། དང་པོའི་སངས་རྒྱས་ཉག་གཅིག་ཐོབ་པར་ཤོག།། 

ཞེས་བྱང་ཁའི་ཕྱོགས་ཀྱི་བོན་སྨྲ་བ་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་རང་གིས་སློབ་བུའི་དག་སྣང་དང་འདོད་མོས་ལྟར་བྲིས་པའི་བྱིན་རླབས་རྒྱུད་ལ་འཇུག་པའི་རྒྱུར་གྱུར་ཅིག་གུ། དགེའོ། །

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།