རིག་འཛིན་བླ་མ་སྤྱི་ཡི་བསྟོད་པ་བཞུགས་སོ།།

རིག་འཛིན་བླ་མ་སྤྱི་ཡི་བསྟོད་པ་བཞུགས་སོ།།


༄༅། །དངོས་རྣམས་མ་ལུས་ཅི་བཞིན་དངོས་སུ་མཁྱེན། །
ཚད་མེད་ཐུགས་རྗེས་འགྲོ་བ་ཡོངས་ལ་ཁྱབ། །
མཐའ་ཡས་འགྲོ་བ་ཀུན་གྱི་སྐྱོབ་པའི་མགོན། །
ལྷ་མིའི་སྟོན་པ་དེ་ལ་ཕྱག་འཚལ་ལོ། །
ཆེ་བའི་ཡོན་ཏན་དཔལ་གྱི་མངོན་མཐོ་ཞིང་། །
ཕ་རོལ་ཕྱིན་དྲུག་སྤྱོད་པ་རྣམ་པར་དག །
འགྲོ་དྲུག་འདྲེན་མཛད་ཕྲིན་ལས་བླ་ན་མེད། །
གོང་མ་ཆེ་དྲུག་ཞབས་ལ་ཕྱག་འཚལ་ལོ། །
བཅུ་གསུམ་སྟོབས་ཀྱིས་བདུད་བཞིའི་དཔུང་ཚོགས་འཇོམས། །
བཅུ་གསུམ་རིག་འཛིན་ས་ཡི་མཐར་ཐུག་བརྙེས། །
རྫུ་འཕྲུལ་སྟོབས་ཀྱིས་ཞིང་ཁམས་མཐའ་ཡས་བགྲོད། །
གདུང་རྒྱུད་བཅུ་གསུམ་ཞབས་ལ་ཕྱག་འཚལ་ལོ། །
འཛམ་གླིང་མཁས་པ་ཀུན་གྱི་གཙུག་གི་རྒྱན། །
རིག་གནས་ཀུན་ལ་མི་འཇིགས་སྤོབས་པ་ཐོབ། །
ཤེས་བྱའི་མཁའ་ལ་བློ་གྲོས་ཐོགས་མེད་འཁྱུག །
མཁས་པ་མི་བཞིའི་ཞབས་ལ་ཕྱག་འཚལ་ལོ། །
སྐད་གཉིས་སྨྲ་བ་འཇིག་རྟེན་ཀུན་གྱི་མིག །
སྒྲ་སྐད་ཀུན་ལ་མཁས་པ་ཕུལ་དུ་ཕྱིན། །
ལེགས་བཤད་ངག་གིས་ཟློས་གར་བསྒྱུར་མཛད་པའི། །
ལོ་པཎ་གཤེན་བརྒྱད་ཞབས་ལ་ཕྱག་འཚལ་ལོ། །
སྲིད་པའི་གནས་སུ་བརྩེ་བའི་གར་བསྒྱུར་ཞིང་། །
བསྟན་པ་སྐྱོང་ཞིང་འགྲོ་བའི་དོན་མཛད་པ། །
དགེ་ལེགས་ཡོན་ཏན་ཐམས་ཅད་འབྱུང་བའི་གནས། །
མ་མཆོག་སྲིད་རྒྱལ་ཞབས་ལ་ཕྱག་འཚལ་ལོ། །
གསུང་རབ་རིན་ཆེན་གཏེར་སྒོ་འབྱེད་པའི་གཤེན། །
རྒྱལ་བསྟན་ནོར་བུ་སྤེལ་མཛད་ཀླུ་དབང་མཚན། །
སྐལ་ལྡན་རྣམས་ལ་མདོ་རྒྱུད་དགའ་སྟོན་འགྱེད། །
གཤེན་ཆེན་ཀླུ་དགའི་ཞབས་ལ་ཕྱག་འཚལ་ལོ། །
བསྟན་པ་མི་ནུབ་བོན་གྱི་རྒྱལ་མཚན་འཛུགས། །
རྗེས་འཇུག་གདུལ་བྱ་ཡོངས་སུ་སྨིན་པར་མཛད། །
བྱིན་རླབས་བདུད་རྩའི་ཆར་རྒྱུན་འབེབས་མཛད་པའི། །
བྲུ་ཞུ་སྤ་རྨེའུ་ཞབས་ལ་ཕྱག་འཚལ་ལོ། །
དམ་པ་རྣམས་ལ་གུས་པས་བསྟོད་པ་ཡི། །
བསྟོད་ཚིག་མེ་ཏོག་ཕྲེང་བ་རབ་སྤེལ་བའི། །
དགེ་ཚོགས་དྲི་མེད་གང་ཞིག་ཐོབ་པ་དེས། །
འགྲོ་ཀུན་སྲིད་པའི་མཚོ་ལས་སྒྲོལ་བར་ཤོག །
གཡུང་དྲུང་བོན་གྱི་ཆེ་བའི་ཡོན་ཏན་ལ། །
རང་སྟོན་ཤེས་བྱ་ཀུན་རིགས་ཀྱིས་བསྟོད་པ་དགེའོ། །

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།