ངག་དབང་དབྱངས་ཅན་ལྷ་མོ་ལ་བསྟོད་པ།

ལྷག་པའི་ལྷ་མཆོག་ངག་དབང་དབྱངས་ཅན་ལྷ་མོ་ལ་བསྟོད་པ་མཚོ་བྱུང་
དགྱེས་པའི་རོལ་མོ་ཞེས་བྱ་བ་བཞུགས་སོ།།

རྗེ་ཚུལ་ཁྲིམས་བསྟན་པའི་རྒྱལ་མཚན།

༄༅། །ན་མཿགུ་རུ་སྭ་ར་སྭ་དྱེེ་བྷྱཿ
སྲིད་ན་མངོན་མཐོ་གསེར་མངལ་དཔལ་གྱི་མགྲིན། །
གྲགས་པའི་མུ་ཁྱུད་འཇུག་པ་བཅུ་པ་སོགས། །
སྲིད་པའི་ཆེ་དགུའི་རལ་བའི་ཅོད་པན་གྱིས། །
ཞབས་པད་གུས་མཆོད་ངག་དབང་ལྷ་མོར་འདུད། །
པདྨའི་བཞིན་ལ་རྐང་དྲུག་གཡོ་བའི་སྤྱན། །
མཐོན་མཐིང་རལ་ཀློང་ཟླ་གཞོན་ཅད་པན་མཛེས། །
འཛུམ་བག་ཉམས་ཀྱིས་སྒེག་པའི་ཡིད་འཕྲོག་མ། །
བློ་གྲོས་དཔལ་སྟེར་ལྷ་མོ་ཁྱོད་ལ་བསྟོད། །
དམར་བའི་མཆུ་སྒྲོས་ཨུཏྤལ་བཞད་པའི་དབུས། །
ཐགས་བཟང་ཚེམས་དཀར་ཟླ་ཤེལ་རི་ཡི་ཕྲེང་། །
འཇམ་མཉེན་ལྗགས་ཡངས་གློག་འོད་ཀྱིས་སྤུད་པས། །
ཟབ་རྒྱས་ཆོས་ཀྱི་དབྱངས་སྙན་སྒྲོག་ལ་བསྟོད། །
དཀར་འཇམ་མཉེན་ལྕུགས་ཕྱག་ཟུང་འཇོ་སྒེག་གིས། །
རིན་ཆེན་གདུབ་སིལ་འཐབ་པའི་སྒྲ་དང་ལྷན། །
རྒྱུད་མངས་འཁྲོལ་བའི་ངོ་མཚར་གཡོ་བས་ཀྱང་། །
ཀུན་རྨོངས་མིང་གི་ལྷག་མར་བྱེད་ལ་བསྟོད། །
རླབས་དཀར་འཛུམ་ཕྲེང་གཡོ་བའི་དྭངས་བསིལ་མཚོར། །
ག་པུར་དབང་པོས་མཛེས་པའི་འདབ་སྟོང་ཁྲིར། །
ཞབས་ཟུང་ཅོག་བུའི་ཚུལ་གྱིས་འགྱིང་བ་ཡི། །
མཚར་སྡུག་ངག་གི་དཔལ་མོ་ཁྱོད་ལ་བསྟོད། །
ལྷ་རྫས་གོས་དང་རིན་ཆེན་རྒྱན་མང་གི །
མཛེས་པ་དང་འགྲོགས་བཅོམ་ལྡན་འདས་མའི་སྐུ། །
བདག་གི་མིག་སྔར་མངོན་སུམ་སྣང་མཛོད་ལ། །
བློ་གྲོས་སྣང་བ་ཟད་མི་ཤེས་པར་སྩོལ། །
དེ་ལྟར་སྙན་ཚིག་ཚིག་ཕྲེང་རྒྱུད་མངས་སྒྲས། །
མཚོ་བྱུང་ལྷ་མཆོག་མཆོག་ཏུ་བསྔགས་པ་ཡི། །
མཐུ་ལས་བདག་བློ་བློ་གྲོས་གཏེར་གྱུར་ནས། །
ཀུན་མཁྱེན་ཡེ་ཤེས་ཤེས་བྱའི་མཁའ་ཁྱབ་ཤོག །
     ཅེས་ལྷག་པའི་ལྷ་མཆོག་ངག་དབང་དབྱངས་ཅན་ལྷ་མོ་ལ་བསྟོད་པ་མཚོ་བྱུང་དགྱེས་པའི་རོལ་མོ་ཞེས་བྱ་བ་འདི་ནི། སྙན་ཚིག་རིག་པར་མོས་བློ་ཅན་ཤེས་རབ་ཕུན་ཚོགས་ནས་བསྐུལ་ངོར། གཤེན་གྱི་བཙུན་པ་ཚུལ་ཁྲིམས་བསྟན་པའི་རྒྱལ་མཚན་དུ་འབོད་པས། སྨིན་གྲོལ་བཀྲ་ཤིས་འཁྱིལ་གྱི་བླ་བྲང་གི་དབུ་རྩེར་བགྱིས་པ་འདི་ཡང་ཚེ་རབས་ཀུན་ཏུ་འཕགས་མས་འབྲལ་མེད་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག

 

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།