ཀ་བསྟོད་བུང་བའི་གླུ་དབྱངས།

ཀ་བསྟོད་བུང་བའི་གླུ་དབྱངས།
ཤར་རྫ་བཀྲ་ཤིས་རྒྱལ་མཚན།

 ༄༅། །ཏཾཿ ཀ་དག་ངོ་བོ་རང་བྱུང་རྒྱ་མཚོའི་ཀློང་། ། ཁ་དོག་སྣ་ཚོགས་འཇའ་སྤྲིན་དཀྲིགས་པའི་དལ། ། ག་བུར་དྲི་བསུང་འཐིལ་བའི་པད་སྡོང་དབུས་། ། ང་ཡི་གྲོགས་མཛད་ལྷ་མོ་སྒྲ་དབྱངས་རྒྱལ། ། ཅ་ཅོ་མགྲིན་གླུ་བསྒྱུར་བྱེད་པི་ཝང་འཁྲོལ། ། ཆ་ལུགས་དྲི་ཟའི་བུ་མོའི་ལང་ཚོ་བཞེད། ། ཇ་ཧོང་མདངས་སོགས་པཉྩའི་ན་བཟའ་ལྷུབས། ། ཉ་རྒྱས་ཟླ་འདྲའི་འཛུམ་ཞལ་ཅིར་ཡང་ངོམས། ། ཏ་རེ་མ་ཁྱོད་གཏན་གྱི་སྐྱབས་བཟུང་ན། ། ཐ་སྙད་ལུང་རིགས་སྡེ་སྣོད་གཞུང་ལུགས་ཀུན། ། ད་ལྟ་ཉིད་དུ་རྣམ་དཔྱོད་བློ་གྲོས་གཏེར། ། ན་དཱ་མི་ཤིག་ཐིག་ལེའི་རྒྱན་དུ་སྩོལ། ། པ་སངས་ལྟར་དཀར་ཚེམས་ཕྲེང་རྒྱས་དཀྱིལ་ནས། ། ཕ་རོལ་ཕྱིན་པའི་དོན་ཀུན་གླུ་ལེན་པས། ། བ་ག་ཡུམ་གྱི་དགོངས་གསང་ཅི་ལྟ་བ། ། མ་ལུས་ཤེས་བྱའི་གནས་ལུགས་མངོན་སྟོན་གསོལ། ། ཙཀྲ་ཨགྴོ་མགྲིན་པའི་རོལ་མཚོ་ན། ། ཚ་ཟེར་པད་ཟླ་རྒྱས་པའི་དཀྱིལ་འཁོར་དབུས། ། ཛ་ཞེས་ཐུགས་དམ་གནད་ནས་བསྐུལ་བའི་མོད། ། ཝ་ལེར་མཛེས་སྐུའི་སྣང་བརྙན་མངོན་རོལ་གསོལ། ། ཞྭ་དཀར་བསྟན་ལ་ལྷག་བསམ་དཀར་བའི་བློས། ། ཟ་ཉལ་ཀུན་ཏུ་མཚོ་བྱུང་ལྷ་མོ་མཆོག ། འ་འུར་མ་ཡིན་སྙིང་ནས་གསོལ་བཏབ་ན། ། ཡ་མཚན་བློ་གྲོས་སྣང་བ་རྒྱས་མཛད་གསོལ། ། ར་བ་བསིལ་པོས་བསྐོར་བས་ལྗོངས་ཆེན་འདིར། ། ལ་རྒྱ་བསྟན་པ་འཛིན་སྐྱོངས་སྤེལ་བའི་ངོས། ། ཤ་གཟུགས་འདི་དང་མ་འོངས་སྐྱེ་བ་ཀུན། ། ས་ཆེན་བོན་གྱི་སྣང་བ་བསྐྱེད་ནུས་གསོལ། ། ཧ་ཅང་གདུང་ཤུགས་དད་པས་གསོལ་འདེབས་ན། ། ཨ་དཀར་གསང་ཆེན་སྙིང་པོའི་དོན་རྟོགས་ཤིང་། ། མི་ཟད་བློ་གྲོས་སྣང་བ་རབ་རྒྱས་ཏེ། ། ཡོན་ཏན་རྒྱ་མཚའི་མཛོད་ཆེན་འཛིན་ནུས་ཤོག ། ཨགྴོ་སྨར་ཝེར་ཏཾཿ ཙ་མེད་ཧྲིང་ཛ་ཧ་ར་ཁི་ཁར་ཕེམ་ཕེམ། ། རིག་སྟོང་ཨུཏྤལ་གཞོན་ནུའི་རྩེར། ། གྲགས་སྟོང་བུང་བའི་གླུ་དབྱངས་འདི། ། མོས་ལྡན་ཐུགས་དང་འཐད་པའི་ཕྱིར། ། སྤེལ་འདི་ཤར་རྫའི་རྒྱལ་ཚབ་པས། །

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།