མཁས་ཤིང་གྲུབ་པའི་དབང་བོ་བཀྲ་ཤིས་རྒྱལ་མཚན་ལ་གསུང་གི་སྒོ་ནས་འདུད་པའི་ཚིག་ཕྲེང་ཨུདྤལ་ཆུན་པོ་བཞུགས། །

མཁས་ཤིང་གྲུབ་པའི་དབང་བོ་བཀྲ་ཤིས་རྒྱལ་མཚན་ལ་གསུང་གི་སྒོ་ནས་འདུད་པའི་ཚིག་ཕྲེང་ཨུདྤལ་ཆུན་པོ་བཞུགས། །
སྨན་དགོན་དཔོན་སློབ་སངས་རྒྱས་བསྟན་འཛིན།

    ༄༅། །རྣམ་འདྲེན་བྱེ་བའི་སྐར་ཚོགས་བཀྲ་བའི་དབུས། ། མཁྱེན་བརྩེའི་འོད་དཀར་སྣང་བས་རབ་དཔག་པའི། ། གྲུབ་མཆོག་སྟོན་ཟླ་གཞོན་ནུའི་དཀྱིལ་འཁོར་ཡང་། ། སྲིད་ཞི་མགྲིན་སྔོན་གཙུག་ཏུ་བསྔགས་པར་འོས། ། བགྲང་ཡས་ཚོགས་གཉིས་ཆུ་གཏེར་འཁྱིལ་བ་ལས། ། འཁྲུངས་པའི་གཟུགས་སྐུ་ཡིད་བཞིན་ནོར་བུའི་དཔྱིད། ། མཐས་ཡས་འགྲོ་བའི་རེ་འདོད་ཀུན་བཀངས་ཀྱང་། ། ཡོན་ཏན་འཛད་མེད་ཚུལ་དེ་ཨེ་མ་རྨད། ། ྋ བློ་ལྡན་ཕལ་གྱིས་རྣམ་པར་མ་ཕྱེད་པའི། ། ཟབ་ཅིང་ཆ་ཕྲའི་ཐེག་དགུའི་རྣམ་བཞག་དག ། ཨུ་དུམ་ཝ་རའི་འདབ་མ་ཇི་བཞིན་ཏུ། ། མ་འདྲེས་གསལ་བར་ཁྱོད་ཀྱིས་བསྟན་དེ་རྨད། ། ྋ གྲུབ་སྨྲ་ཡོངས་ཀྱིས་དཔོག་པར་མ་གྱུར་བའི། ། རང་བཞིན་སྟོང་ལ་རྒྱུ་འབྲས་རུང་བ་དང་། ། རྟེན་རྣམས་སྟོང་ལ་འགལ་འདུ་མེད་པའི་དོན། ། ཚུལ་དེ་ཁྱོད་ཀྱིས་ལེགས་པར་གདམས་ལ་བསྟོད། ། ྋ ཟབ་ཕྲའི་དཀའ་གནད་ཐ་རམས་ཀྱིས་བསྡམས་པས། ། གསང་ཆེན་བོན་མཛོད་སྤྱོད་པའི་སྐབས་དབེན་ཚེ། ། རྣམ་དཔྱོད་འཕྲུལ་ལྡེས་ཕྱེས་ནས་རིམ་གཉིས་ཀྱི། ། གཏེར་དང་སྤྲད་པའི་བཀའ་དྲིན་སྙིང་ནས་དྲན། ། ྋ རྩོལ་བཅས་སྒྲུབ་པའི་གཤོག་རླབས་མ་བྲལ་བའི། ། གསང་གྲུབ་འདབ་ཆགས་སྟོང་གིས་མ་དཔོག་པའི། ། བླ་མེད་ཐེག་པ་ཀུན་གྱི་ཡང་རྩེ་མཆོག ། བཙལ་མེད་རླབས་ཀྱིས་ལྡིང་བའི་ཁྱུང་ཆེན་ཁྱོད། ། ྋ ཟབ་གསལ་རྒྱ་ཆེའི་ཤེས་རབ་མཆོག་མངའ་བའི། ། མཁས་པ་འབུམ་གྱིས་རྣམ་པར་དབྱེ་དཀའི་གནས། ། སེམས་ཀློང་མན་ངག་སྡེ་ཡི་ཁྱད་པར་གནད། ། མ་འདྲེས་ཁྱོད་ཀྱིས་གསལ་བར་བསྟན་ལ་འདུད། ། ྋ དྲི་མེད་སྡེ་གསུམ་ཆུ་གཏེར་འཁྱིལ་བ་ལས། ། མན་ངག་སྙིང་བོ་ཡིད་བཞིན་ནོར་བུའི་དཔལ། ། རང་གཞན་ཐོས་བསམ་གོམས་པའི་རྒྱལ་མཚན་རྩེར། ། དངོས་སུ་ལོངས་སྤྱོད་ཐོབ་པ་ཁྱོད་ཀྱི་དྲིན། ། ྋ ཀུན་རྫོབ་ཐིག་ལེ་ལམ་བྱེད་ལས་དཔག་པའི། ། སྣ་ཚོགས་རྩོལ་བའི་ངལ་བ་ཀུན་སྤངས་ནས། ། དོན་དམ་ཟབ་མོའི་ཐིག་ལེ་ལམ་བྱེད་འདི། ། ཁྱོད་བསྟན་གཞན་ལས་དཔག་པའི་ཁྱད་བོན་ལགས། ། ྋ རིམ་བརྒྱད་འཛིན་པ་རྣམས་ཀྱིས་ལྟ་ཅི་སྨོས། ། བླ་མེད་ཞུགས་པའི་སྐྱེས་བུ་སྟོང་གིས་ཀྱང་། ། མ་ཕྱེད་གཅིག་ཏུ་ཞེན་པ་ཟབ་ཕྲའི་གནས། ། སེམས་དང་ཡེ་ཤེས་གཉིས་ཀྱི་ཁྱད་པར་ནི། ། ྋ མིག་ལྡན་སྐྱེས་བུས་པད་མའི་འདབ་མ་ལ། ། མ་འདྲེས་སོ་སོར་མངོན་སུམ་མཐོང་ཡོད་ལྟར། ། ཁྱད་པར་གསལ་བར་ཉིད་ཀྱིས་བསྟན་པ་ན། ། ངོ་མཚར་མི་འཛིན་བློ་ལྡན་སུ་ཞིག་ཡོད། ། དེ་ལྟར་སེམས་ནི་ལམ་བྱེད་མ་ཡིན་པར། ། བློ་འདས་རིག་པ་ལམ་བྱེད་རྩལ་བཏོན་ནས། ། ཁྱོད་ཀྱི་ལེགས་བཤད་དག་ལས་བསྟན་པ་འདི། ། འགྲན་ཟླ་མེད་པའི་ཁྱད་བོན་རྨད་དུ་བྱུང་། ། ྋ རྣམ་དག་འདུལ་བའི་གཞུང་ལུགས་འཛིན་པ་ལ། ། བསླབ་གསུམ་གཏེར་མཛོད་བཀྲ་ཤིས་རྒྱལ་མཚན་ཉིད། ། ཤིན་ཏུ་རྨད་བྱུང་ཁྱད་པར་འཕགས་པས་ན། ། རྒྱལ་སྲས་ཡིད་ཀྱི་ཁྱེའུ་ཆུང་དངོས་དང་འདྲ། ། གྲུབ་པའི་དབང་བོ་རྣམ་འདྲེན་ཁྱོད་ཉིད་ནི། ། གསང་ཆེན་སྔགས་ཀྱི་བོན་སྡེ་འཆད་པའི་ཚེ། ། སྔགས་བདག་ཆེན་པོ་སྟོང་རྒྱུང་མཐུ་ཆེན་སོགས། ། མཁས་བཞིའི་རྗེས་སུ་གོམས་པའི་འདེགས་འཇོག་བྱེད། ། ྋ གཡས་རིའི་མཁས་མཆོག་བློ་གྲོས་རྒྱལ་མཚན་དང་། ། ཀུན་མཁྱེན་སྤྱན་གཅིག་གཉིས་ཀྱིས་འགྲེལ་ཚུལ་ལྟར། ། ཁྱོད་ཀྱི་ལེགས་བཤད་ཁྲི་གདུགས་གཞོན་ནུའི་དཔྱིད། ། སྙིགས་འགྲོའི་བློ་མུན་སེལ་བའི་གཉེན་གཅིག་ལགས། ། ྋ ཁྱད་པར་ཁྱོད་ཀྱིས་མཉམ་མེད་བླ་མ་ཡི། ། བསྟན་པ་མར་ཞི་དྭངས་མའི་རྒྱལ་མཚན་མཆོག ། གསལ་བྱེད་བྱི་དོར་འབུམ་གྱིས་གཅེས་སྤྲས་བཅས། ། མི་ནུབ་སྲིད་རྩེར་བསྒྲེངས་ལ་སྙིང་ནས་གུས། ། ྋ ཁྱོད་ཀྱིས་གསུངས་པའི་ཟབ་མོའི་བོན་སྡེ་ལ། ། པཎ་གྲུབ་བྱེ་བས་ལེགས་པར་བརྟགས་ན་ཡང་། ། གནོད་པའི་གནས་ནི་ཀུན་ནས་མ་མཐོང་ཞིང་། ། དཔྱད་པ་གསུམ་གྱིས་རྣམ་པར་དག་ལ་འདུད། ། ྋ དེ་ལྟར་བསྟན་པ་རྣམ་པར་དག་པའི་ཕྱིར། ། སྟོན་པ་པོ་ཡང་རྣམ་པར་དག་པས་ན། ། ཁྱོད་ཉིད་ཚད་མའི་སྐྱེས་མཆོག་དམ་པ་རུ། ། ཡིན་པར་ལུང་རིགས་ཚད་མ་ཀུན་གྱིས་གྲུབ། ། ྋ ཚད་མའི་སྐྱེས་མཆོག་ཁྱེད་སྐུ་ཅི་འདྲ་བ། ། འཁོར་དང་སྐུ་ཚེ་ཚད་དང་ཞིང་ཁམས་སོགས། ། ཁྱོད་ཀྱི་མཚན་མཆོག་བཟང་བོ་ཅི་འདྲ་བ། ། དེ་འདྲ་ཁོ་ནར་བདག་སོགས་འགྱུར་བར་ཤོག ། ྋ ཁྱེད་ལ་བསྟོད་ཅིང་གསོལ་བ་བཏབ་པའི་མཐུས། ། བདག་སོགས་གང་དུ་གནས་པའི་ས་ཕྱོགས་སུ། ། ནད་གདོན་དབུལ་ཕོངས་འཐབ་རྩོད་ཞི་བ་དང་། ། བོན་དང་བཀྲ་ཤིས་འཕེལ་བར་མཛད་དུ་གསོལ། ། ཞེས་པ་འདི་ནི་ཇི་འགིར་གནམ་གྱི་རྒྱལ་པོའི་གདུང་ལས་འཁྲུངས་པའི་མཆོག་སྤྲུལ་གུ་རུའི་མཚན་ཅན་གསུང་གིས་བསྐུལ་ངོར། ྋ སྨན་དགོན་དཔོན་སློབ་སངས་རྒྱས་བསྟན་འཛིན་པས་ཤིང་ལུག་ཟླ ༩ ཚེས་ ༥ ལ་གུས་པ་ཆེན་པོས་བརྩམས་པའོ། སརྦ་མངྒ་ལཾ། ཨེ་མ་ཧོ། རྗེ་བཙུན་སྨྲ་སེང་ཐུགས་གསངཿངྷིཿཡིག་ལས། ། བརྩེ་ཆེན་ཉག་ཐག་སྤྲོ་བསྡུའི་རྣམ་འགྱུར་གྱིས། ། སྟོབས་ལས་སྨིན་པ་རིགས་བརྒྱའི་ཁྱབ་བདག་མཆོག ། སངས་རྒྱས་བསྟན་འཛིན་ཞབས་ལ་གསོལ་བ་འདེབས། ། ཞེས་ཡོངས་འཛིན་ཆེན་པོའི་གསོལ་འདེབས་འདི་འང་བློ་ཉིས་བསྐུལ་ངོར་གོང་གི་སློབ་འབང་བསྟན་རྣམ་པས་དྭངས་རའི་ཕྱོགས་སུ་འགྲོ་ཁར་སྨན་དགོན་ནས་བྲིས་སོ། །

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།