སྣང་ཞིག་བྱ་འཕུར་དགོན་གོང་མ་ལ་ཕུལ་ལ།

སྣང་ཞིག་བྱ་འཕུར་དགོན་གོང་མ་ལ་ཕུལ་ལ།
བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ།

ཀུན་བཟང་ཐུགས་སྤྲུལ་བསྟན་པའི་རྒྱལ་མཚན་མཆོག།
ཀུན་གྱི་མགོན་གྱུར་ནམ་མཁའ་རྒྱལ་མཚན་མཆོག།
ཀུན་བྱེད་རྒྱལ་བོར་དྲན་པ་ཙམ་ཀྱིས་ཀྱང་། །
ཀུན་ནས་དད་གུས་བཅས་ཏེ་མཆིད་འདི་གསོལ། །
སྐྱེས་སྟོབས་ལག་ལྡན་ལང་ཚོ་དར་བའི་ལུས། །
སྦྱངས་སྟོབས་གནས་ལྔའི་རིག་པའི་རྒྱན་སྤྲས་ཏེ། །
ཤེས་བྱའི་ས་ཆེན་གོམ་པས་བགྲོད་དང་ལྷན། །
བརྩེ་ཆེན་སྣ་ཞགས་འགྲོ་ལ་རྐྱོངས་ཏེ་རྨད། །
འདི་ན་རྒན་པོའི་ལུས་ནི་ལྕི། །
དོན་ཆེན་བསྒྲུབ་ལ་སེམས་སྟོབས་ཆུང་། །
དོན་མེད་ལས་ལ་རྣམ་གཡེང་ཆེ། །
ཕྲ་རགས་གོ་ལྡོག་ཚུལ་དུ་གནས། །
འཚམས་ཞུ།
བརྩེ་ཆེན་འོ་མའི་རྒྱ་མཚོ་ལས། །
གཏོང་བའི་རླབས་དཀར་འཕྱུར་བའི་མོད། །
གནང་སྐྱེས་བརྒྱ་ཕྲག་ཉི་ཤུའི་སྒོར། །
འབྱོར་བའི་ལན་དུ་དངོས་འབུལ་བྱས། །
རྒྱལ་སྲས་དཔའ་བོའི་སྡུད་དངོས་བཞི། །
ཕྱག་ཏུ་བསྟར་ཏེ་རླབས་ཆེ་བའི། །
མཆོད་སྦྱིན་བྱེད་ལ་ཀུན་དགའ་བོ། །
གཉིས་པ་བྱོན་ཅེས་ཁོ་བོས་སྨྲ། །
ཀུན་ལ་སྦྱངས་པ་མཁས་པའི་ཕྱག་ལེན་བཞིན། །
ཀུན་ལ་མཐུན་པ་དམ་པའི་རང་གཤིས་ཡིན། །
ཀུན་ལ་བརྩེ་བ་རྒྱལ་སྲས་གཞུང་ལམ་ཡིན། །
ཀུན་ཏུ་ཕན་པ་དགེ་སྦྱོར་སྲོག་ཤིང་ཡིན། །
བསྙེལ་བ་མེད་པར་བཀའ་མཆིད་འཕྲིན། །
སྙིམ་པའི་མཐིལ་དུ་སོན་པ་ན། །
ཡིད་ལ་རབ་དགའི་ས་ཆེན་གྱི། །
མཉམ་བཞག་དགའ་ལ་འཕོས་པ་འདྲ། །
མགྲིན་པ་དབྱངས་ཅན་རོལ་མཚོ་ལས། །
སྙན་ཚིག་རང་བྱུང་རོལ་མོའི་སྒྲ། །
སྙན་དབང་ལྷ་མོས་རོལ་དང་ལྷན། །
ཁྱེད་ཐུགས་དགྱེས་བས་རོལ་ཅིག་ཀྱེ། །
ཞེས་ལྷ་དར་དང་སྒོར་སྟོང་གཉིས་ཀྱི་སྐྱེས་ལན་བཅས་ཟླ་ཚེས་ལ་བཏེགས། ། ། །

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།