བླ་མ་གྲུབ་དབང་ཚང་ལ་ཕུལ་བའི་ཞུ་ཡིག།

བླ་མ་གྲུབ་དབང་ཚང་ལ་ཕུལ་བའི་ཞུ་ཡིག
བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ།

འཛམ་གླིང་གྲུབ་བརྒྱའི་དབུས་ན་མངོན་པར་འཕགས། །
ཚངས་དབང་ཆེ་རྒུ་དུ་མས་གཙུག་གིས་མཆོད། །
གསེར་ལྗོངས་རིས་མེད་གདུལ་བྱའི་མཆོད་སྡོང་ཆེ། །
ཞབས་པད་འཁོར་ལོས་རབ་མཛེས་གདོང་ལྔའི་ཁྲིར། །
སྒོ་གསུམ་མི་ཕྱེད་དད་གུས་ཀྱིས། །
ཉེར་མཚོན་སྙིམ་པའི་པདྨོ་ནི། །
ཆོས་ཀྱི་འཁོར་ལོར་ཟུམ་པ་བཅས། །
ཕྲན་བུས་བཅོས་མིན་སྙིང་ནས་གསོལ། །
དེང་ཁྱེད་གསང་གསུམ་མི་འགྱུར་རྡོ་རྗེ་སྐུ། །
རི་དབང་གདུལ་བྱ་གླིང་བཞིའི་དབུས་ན་བརྗིད། །
སྐལ་བཟང་གསེར་རིའི་ཕྲེང་བས་འདུད་པ་བཅས། །
བཞུགས་པའི་སྙན་པ་ཕྱོགས་ཀྱི་བུ་མོས་སྒྲོགས། །
སྙིགས་དུས་ཕྲག་པ་དོག་པའི་ཚེར་མ་ཡི། །
རྩུབ་མོའི་རྣོ་སོ་འགྲན་ལ་ཞུགས་པའི་དུས། །
བྱམས་སྙིང་བདུད་རྩིའི་འཛུམ་རླབས་སྤྲོ་མཁས་པའི། །
ཉམས་ཆུང་ཀུན་དའི་དཔུང་གཉེན་ཁྱེད་ལས་སུ། །
འདི་ན་སྒོ་གསུམ་དར་གྱི་ལྕེ། །
ཆོས་བརྒྱད་དྲི་ལེན་ཤིང་རྟའི་འགྲོས། །
ཕྱོགས་སུ་བསྐྱོད་པས་དབང་མེད་གཡོ། །
དེ་བས་སྙིང་བོས་ཡོངས་སུ་དབེན། །
འཚམསཞུ།
རང་སེམས་ནམ་ཡང་དག་པའི་མཁར། །
ཕྱོགས་འཛིན་ར་རིས་མི་གོས་པར། །
བཟོད་པའི་འོད་དཀར་མདངས་རྫོགས་པའི། །
ཟླ་བཞིན་དག་པའང་ཁྱེད་བྱིན་རློབས། །
ཚེ་རབས་སྔོན་མའི་ཕྲེང་བ་རུ། །
ཆོས་འབྲེལ་དད་དམ་རབ་གཙང་བ། །
མཁའ་ཡི་སྒྲོན་དང་པད་དཀར་བཞིན། །
གྱུར་བའི་ཚུལ་ལ་མཁྱེན་པས་གཟིགས། །
ཁྱད་པར་སྡེ་དགེ་ཨ་བྷྱའི་ཞབས་བསྙེན་པས། །
དལ་བ་དོན་ཡོད་བྱས་པས་ཆོས་རྗེ་བ། །
དེ་ཡི་ཕྱི་མ་པདྨ་ཐུགས་མཆོག་ཞབས། །
བསྟེན་སོགས་རྣམ་ཐར་མཐོང་བ་ཙམ་གྱིས་གསལ། །
དེ་བས་མགོན་ཁྱེད་མཁྱེན་སྤྱན་དག་པའི་དཀྱུས། །
ནམ་ཡང་བདག་ལ་གཟིགས་པ་མི་འབྲལ་བར། །
བརྩེ་ཆེན་ཐུགས་ཀྱི་ཤེལ་དཀར་ཁང་བཟང་ལ། །
ཁས་ཞན་མར་མེ་འཚོ་བའི་སྐྱབས་འཇུག་ཞུ། །
ཞབས་པད་མི་འགྱུར་གདོང་ལྔའི་ཁྲི་འཕང་ལ། །
བསྐལ་བ་བརྒྱ་ཕྲག་དུ་མར་རབ་བརྟན་ནས། །
ཐེག་མཆོག་ཆོས་ཀྱི་འཁོར་ལོས་ལུས་ཅན་ཀུན། །
རྣམ་བྱང་ས་ལ་འགོད་པར་སྙིང་ནས་གསོལ། །
གསང་གསུམ་མི་ཟད་འཁོར་ལོའི་དཔལ། །
མངོན་སུམ་མཇལ་འདོད་རེ་བའི་མེས། །
བདག་ཡིད་ཆུ་མཚོ་ཁོལ་ན་ཡང་། །
ཟིན་མེད་བྱ་བས་གོ་སྐབས་བྲལ། །
རྐང་བས་ངལ་བ་མ་བསྟེན་པར། །
ཞུ་མཆིད་གུ་གེར་སྤེལ་བ་འདིས། །
ཐུགས་ཁྲེལ་ཆུ་འཛིན་མི་གཡོ་བར། །
བརྩེ་ཆེན་ཉི་འོད་རྣོན་པོས་སྐྱོངས། །
དེ་ལྟའི་ཞུ་དེབ་ངང་བའི་བུ་མོ་དཀར། །
དད་གུས་འདབ་གཤོག་གཡོ་བས་རབ་བསྐྱོད་དེ། །
སྙིང་རྗེ་རླབས་དཀར་ཕྲེང་བས་མཛེས་པ་ཅན། །
བཤེས་གཉེན་རིན་ཆེན་འབྱུང་བའི་གནས་སུ་བསྙེགས། །
ཞེས་ཀྲམ་བྷན་གནམ་ལོ་གསར་བའི་དུས་ཚེས་བཞད་པའི་དཀའ་ཐུབ་ཟླ་བའི་དཀར་ཕྱོགས་ཀྱི་རྫོགས་པ་དང་པོའི་ཉིན་ཞུ་ཡིག་ལ་གཟིགས་རྟེན་སྟོང་མིན་ཙམ་དུ་དབང་མདོག་གི་གོས་དང་ལྷ་དར་བཅས་ཕུལ་བ་དགེ། ། །

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།