གྱ་སྟོན་གྱི་མགོ་འཛིན་གཏམ་བཤད་ངག་གི་མཆོད་པ།

གྱ་སྟོན་གྱི་མགོ་འཛིན་གཏམ་བཤད་ངག་གི་མཆོད་པ།

­༼  བོན་བརྒྱ་རིན་པོ་ཆེའི་གྱ་སྟོན་ལ་ཆེད་དུ་བསྒྲིགས་པ།  ༽

                           ཁྱུང་བཟང་།

 

ཨོ་ལགས་སོ།

ད་འགྲོ་གོམ་པའི་སྣེ་མོ་དད་པ་གི་བཀྱགས་གས།

ཡིད་དྲན་པའི་མཚོ་མོ་དགའ་སྣང་གིས་གཡོས་ནས།

ས་ལམ་ཐག་རིང་ནོ་ཅང་གི་མ་བཅད་ལ།

ཙག་བསེར་ཁ་རྒོད་ནོ་སྡུག་ག་མ་རྩིས་ཨ།

བཀྲ་ཤིས་ཀྱི་ཁ་གཡང་བསྣམས་མས།

རྟེན་འབྲེལ་གྱི་ཆོ་ག་སྒྲིག་གས།

ས་སྐྱིད་པོའི་ལྗོངས་ལ་དགའ་འཛུམ་གྱིས་འདུས་པའི།

བོད་ཡུལ་སྟོད་སྨད་བར་གསུམ་གྱི་སྐུ་མགྲོན་རྣམ་པ།

ཁྱེད་རྣམ་པའི་ལོ་གསར་བཟང་ང་།

 

ཡ།  ད་དེ་རིང་བཀྲ་ཤིས་པའི་ཉི་མ།

དོན་འགྲུབ་པའི་ཉི་མ།

དགེ་ལེགས་འབྱུང་བའི་དུས་ཚོད་འདི་ལ།

བདག་ཅག་གཞིས་མགྲོན་ཀུན་གྱི་དད་པའི་ཡུལ་མཆོད་པའི་གནས།

ད་ཞལ་མཇལ་ན་སྒྲིབ་པ་དག་ནོ།

གསུང་ཐོས་ན་བར་ཆད་སེལ་ནོ།

རབ་འབྱམས་རྒྱལ་བའི་སྤྱི་གཟུགས།

ལྷར་བཅས་སྐྱེ་དགུའི་གཙུག་ནོར།

གཤེན་རབ་བསྟན་པའི་སྲོག་ཤིང་།

དཀྱིལ་འཁོར་རྒྱ་མཚོའི་མངའ་བདག

བསླབ་གསུམ་འོ་མའི་རྒྱ་མཚོ།

གསང་གསུམ་ནོར་བུའི་བང་མཛོད།

རྫས་གདམ་ངག་ཅན་གྱི་བདག་པོ།

མཐུ་མན་ངག་ཅན་གྱི་གཉན་པོ།

ཁམས་གསུམ་འཁོར་བའི་ཕ་མ།

འགྲོ་དྲུག་འདྲེན་པའི་བླ་མ།

སེམས་ཅན་སྐྱིད་ཀི་གཞི་མ།

ཤི་བོའི་ལམ་སྣ་འདྲེན་མཁན།

གསོན་པོའི་བར་ཆད་སེལ་མཁན།

མ་རིག་ནས་ཉིན་མོ་ཡེ་ཤེས་ཀྱི་མིག་སྩོལ་མཁན།

མ་ཤེས་ནས་ཉིན་མོ་བྱང་ཆུབ་ཀྱི་སེམས་གསོ་མཁན།

ཨོ་འདི་མགོ་རྗེན་ན་ཐོད་པ་གཏུག་ས།

རྐང་རྗེན་ན་སྐོར་བ་བྱེད་ས།

མགོ་ཐོག་གི་གསེར་ནག་བུམ་པ།

ལྕེ་ཐོག་གི་བདུད་རྩི་བསིལ་མ།

ཕ་བླ་མ་ཡིད་བཞིན་གྱི་ནོར་བུ།

ད་དོན་གྱི་ལྷད་དུ་མཚན་ནས་སྨྲས་ན།

རྗེ་བོན་བརྒྱ་ཐམས་ཅད་མཁྱེན་པ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་ཁོང་རིགས།

དགུང་གྲངས་བརྒྱད་ཅུར་ཕེབས་པའི་བཀྲ་ཤིས་དགའ་སྟོན་གྱི་མཛད་སྒོ།

ད་ལྟ་དངོས་སུ་མགོ་བརྩམས་པ་ཡིན།

 

ཡ། ད་དེ་རིང་བླ་མ་གསེར་ཞྭ་ཅན་པོ་ཁྲི་ཐོག་ན་བཞུགས་དུས།

གྲྭ་བ་གཟན་ཤམ་ཅན་པོ་གྲལ་མགོ་ན་བཞུགས་དུས།

དཔོན་རྒན་རལ་བ་ཅན་པོ་གྲལ་རྐེད་ན་བཞུགས་དུས།

སྟག་ཤར་དཔའ་རྩལ་ཅན་པོ་གྲལ་རྔ་ན་བཞུགས་དུས།

མ་སྲུ་འཛུམ་དཀར་ཅན་པོས་གྲལ་མཐའ་ནས་སྐོར་དུས།

ད་ལྷ་དགའ་ཡས་བར་སྣང་འཇའ་ཡིས་གང་དུས།

མྱི་དགའ་ཡས་ཁྲོམ་པ་གླུ་ཡིས་འགུག་དུས་འདི་ལ།

སྤྱིར་ན་དང་བོ་སྟོན་པ་བྱོན་ཚུལ།

བར་དུ་བསྟན་པ་སྤེལ་ཚུལ།

མཐའ་མ་བཀའ་དྲིན་ཆེ་ཚུལ།

སྒྲ་སྒྱུར་ལོ་ཙཱའི་བྱུང་རིམ།

མཁས་དང་གྲུབ་པའི་འཁྲུངས་རབས།

བཀའ་དང་གདམས་པའི་གཏད་རབས།

རྒྱལ་བསྟན་ཕྱོགས་བཅུར་སྤེལ་ཚུལ་སོགས་ཀྱིས་ཐོག་དྲངས།

སྒོས་སུ་ཕ་བླ་མ་ཡིད་བཞིན་གྱི་ནོར་བུ་གང་ཉིད་ཀྱིས།

དང་བོ་རྒྱ་ཆེན་གྱི་ཐོས་པ་བཙལ་ཚུལ།

བར་དུ་གཞུང་ལུགས་གདམ་པར་ཤར་ཚུལ།

མཐའ་མ་རྟག་པར་ཉམས་སུ་བླངས་ཚུལ།

དེ་ནས་མཁས་དང་གྲུབ་པའི་རྟགས་བཞེས་ཚུལ།

ཡང་སྒོས་འཆད་པས་སྐལ་ལྡན་གྱི་གདུལ་བྱ་རྗེས་སུ་བཟུང་ཚུལ།

རྩོད་པས་ཕ་རོལ་གྱི་རྒོལ་ངན་ཚར་བཅད་ཚུལ།

རྩོམ་པས་ཀློག་མཁན་ཁྲི་འབུམ་གྱི་རྨོངས་པ་བསལ་ཚུལ།

དབང་ལུང་མན་ངག་ཟབ་མོས་སེམས་ཅན་སྨིན་གྲོལ་གྱི་ལམ་དུ་བཀོད་ཚུལ།

གསང་སྔགས་ཏིང་འཛིན་ཟབ་མོས་མ་རུང་སེམས་ཅན་དམ་ལ་བཏགས་ཚུལ།

མི་མཇེད་ཞིང་ལ་ཕན་དང་བདེ་བའི་ས་བོན་རྒྱ་ཆེར་བསྐྲུན་ཚུལ་སོགས།

སྐུ་གསུང་ཐུགས་ཀྱི་མཛད་པ་འཕྲིན་ལས་ཅི་དང་ཅི་བསྐྱངས་པ་ཐམས་ཅད།

མ་ཆད་པ། མ་ལུས་པ། མ་བརྗེད་པའི་ངང་ནས།

འདིར་བཞུགས་གཞིས་མགྲོན་ཀུན་གྱི་དར་ལུང་རྣ་བའི་གསོས་སུ་ཞུ་དགོ་ནི་རེད་དྲ།

ཡང་ང་བཤད་ཀི་ཞི་ལུའི་སྙིང་ཆུང་ནོ།

ལྕེ་དར་མའི་མདུད་པ་གྲོལ་དཀའ་ནོ།

ཁའི་དུང་སོ་བར་ནས་ཐོན་དཀའ་ནོ།

ཐོས་རྒྱ་ཨ་ལོང་ལས་དོག་ནོ།

མཐོང་རྒྱ་ཡུངས་འབྲུ་ལས་ཆུང་ནོ།

ལྷན་སྐྱེས་ཀྱི་རིག་པ་མེད་ནོ།

སྦྱང་སྟོབས་ཀི་ཡོན་ཏན་ཞན་ནོ་གི

གོས་རི་མོ་ཅན་ཞེས་རྒྱང་ལྟ་བྱས་རུང་།

རྒྱང་བལྟས་རི་མོ་སུབ་ཨེ་འགྱོ་འདོད་ལས་སྐྲག་གི

བུ་རེ་བ་ཅན་ཞེས་རེ་བཞག་བྱས་རུང་།

རེ་བཞག་སའི་ས་ནས་ལུང་བརྡིབ་ཨེ་འགྱོ་འདོད་ལས་སྐྲག་གི

ད་དེ་ཡིན་རུང་གྲལ་མགོ་བླ་མའི་སྐུ་དྲིན་མ་བརྗེད་ལ།

གྲལ་སྐེད་ཕ་ཁུའི་རེ་བ་མ་བཅག་ག

གྲལ་རྔའི་མ་སྲུའི་ཁ་ངོ་མ་ཆོད་ལ།

ངས་དྲིན་ཆེན་རྩ་བའི་བླ་མའི་མཛད་པ་ཉུང་བསྡུས་རེ་ཀུན་གྱི་སྙན་ལམ་དུ་ཞུས་ན།

ད་བདག་ཅག་གི་རྩ་བའི་བླ་མ། སྤྱི་གཙུག་གི་ནོར་བུ།

འདིའི་འཁྲུངས་ས་མི་དམན་འཁྲུངས་ས་བཟང་ནོ།

འཁྲུངས་ས་རེབ་གོང་རིག་འབྱུང་ཡིན་ནོ།

རེབ་གོང་རེབ་གོང་ཟེར་ནོ་འདི།

མདོ་སྨད་རོང་ཆེན་བཞི་ཡི་ཡ་གྱལ།

བྱང་ཨཀྟ་རོང་གི་ལྟེ་བ་ན་ཆགས་ནས།

ཆུ་རྨ་ཆུ་ལུ་མའི་ལྷོ་ཕྱོགས་ན་ཡོད་ནས།

མཁས་གྲུབ་བྱེ་བའི་འཁྲུངས་ས་ཟིག་ཡིན་ནས།

རིག་འཛིན་བྱེ་བའི་འདུ་ས་ཟིག་ཡིན་ནས།

ལྔ་རིག་མེ་ཏོག་བཞད་ས་ཟིག་ཡིན་ནས།

སྲོལ་བཟང་དྲི་ཞིམ་འཐུལ་ས་ཟིག་ཡིན་ནས།

འདི་མ་ཉམས་གཡང་གི་ར་བ་ཟིག་ཡིན་ནས།

མ་ཆག་གཡུང་དྲུང་རི་མོ་ཟིག་ཡིན་ནས།

མ་ཆད་དར་གྱི་སྐ་རགས་ཟིག་ཡིན་ནས།

མ་འགག་གསུང་གི་རང་སྒྲ་ཟིག་ཡིན་ནས།

ཨོ་འདི་ཁང་ས་ཞིང་ས་ཡི་དགེ་མཚན་ཚང་ས།

ཁང་ཤིང་བུད་ཤིང་ཤིང་གི་ཆ་རྐྱེན་འཛོམས་ས།

ཁང་རྡོ་འཐག་རྡོ་རྡོ་ཡི་དགེ་མཚན་རྫོགས་ས།

འཐུང་ཆུ་ཡུར་ཆུ་ཆུ་ཡི་ཐོན་ཁུངས་མོད་ས།

གམ་འབྲོག་རྒྱང་འབྲོག་འབྲོག་གི་རྩྭ་ས་བཟང་ས་ཟིག་ཡིན་ནོ།

ངས་མ་བཤད་ཚང་མས་ཤེས་ནི་རེད་ལ་ཟེར་རྒྱུ།

 

ཡ། ད་འདིའི་སྟོད་ན་ཀ་རོང་ཡ་རོང་སྡེ་རོང་གསུམ།

བར་ན་ཚོ་རོང་ཝ་རོང་བསེ་རོང་གསུམ།

སྨད་ན་ཐོའུ་རོང་ནོའུ་རོང་དགུ་རོང་གསུམ།

རོང་དགུའི་རོང་གི་ནང་ཚན།

སྨོན་ལམ་ཤོག་གའི་ཡ་གྱལ།

ས་སྐྱིད་པོ་མག་གསར་གཡང་སྡེ།

སྐྱིད་ལོ་ལོན་གི་ཚེ་ཐག་རིང་ས།

ཆུང་བྱིས་པ་ཡི་འདབ་ལག་རྒྱས་ས།

སྟག་ཤ་རས་འཁོར་གསུམ་འདོགས་ས།

མ་བུ་མོར་ཟས་གཡང་འཁོར་ས།

བོན་ཟབ་མོའི་རང་སྒྲ་སྒྲོག་ས།

ས་སྐྱིད་པོ་འདིའི་མྱི་ཡི་སྔ་བ་སྔུན་མ།

གནས་འཛོམས་པོ་འདིའི་མི་ཡི་དྭངས་མའི་དྭངས་མ།

གྲུབ་དབང་མི་ཡི་རྣམ་རོལ།

མི་མཆོག་རིག་པ་འཛིན་པ།

ཁྱུང་དཀར་བསྟན་པ་དར་རྒྱས་ཀྱི་རྒྱུད་དུ།

བདག་ཅག་གི་བླ་མ་རིན་པོ་ཆེ་འདི་ཉིད་སྐུ་འཁྲུངས་ཟིག་ཟེར་རྒྱུ།

 

ཡ། ད་ཁོང་རིགས་སྐུ་ཆུང་ངུའི་དུས་ནས།

མཚན་དང་དཔེ་བྱད་ཚང་ནས།

རིག་པའི་དབལ་རྣོ་ནས།

བརྩོན་པའི་ཤུགས་རིང་ནས།

དགེ་བའི་བག་ཆགས་སད་ལས།

བརྩེ་བའི་ཐུགས་དང་ལྡན་ནས།

གཏམ་གང་བཤད་དམ་པའི་གསུང་དང་མཐུན་ནས།

ལས་གང་སྒྲུབ་དགེ་བའི་མདོ་དང་མཐུན་ནས།

རྣམ་ཀུན་རྒན་ལ་བརྩི་ཞིང་ཆུང་ལ་བྱམས་པ་ལ་སོགས།

གཞན་དང་མི་མཚུངས་པའི་མཚན་མ་རང་སར་གྲོལ་བས།

དགུང་ལོ་ལྔ་ལ་སོན་མ་ཐག་ཏུ།

བོན་བརྒྱ་གྲུབ་དབང་ནམ་མཁའ་རྒྱལ་མཚན།

རྟོགས་ལྡན་དམ་པ་ཏྲེ་ཚང་སྤྲུལ་སྐུ།

རྙིང་མ་བ་མདོ་མཁྱེན་བརྩེ་དབང་བོ།

སྟོང་ཁྱུང་ཞབས་དྲུང་གཡུང་དྲུང་དབང་རྒྱལ་ལ་སོགས།

གསར་རྙིང་བོན་གསུམ་གྱི་བླ་ཆེན་རྣམ་བཞིའི་དགོངས་པའི་རི་མོ་གཅིག་ཏུ་བབས་ཏེ།

བོན་བརྒྱ་གཡུང་དྲུང་ཕུན་ཚོགས་ཀྱི་སྤྲུལ་སྐུར་ངོས་འཛིན་བྱས་ཟིག་ཟེར་རྒྱུ།

 

ཡ།  ད་རྗེ་བདག་ཉིད་ཆེན་པོ་འདིའི།

དང་བོ་ཐོས་པ་བཙལ་བའི་ལོ་རྒྱུས་མཚོན་ཙམ་རེ་ཞུས་ན།

རང་ལོ་དྲུག་ནས་འབྲི་ཀློག་བསླབས་ཟིག

ལོ་ཕྱེད་གསུམ་ལ་འདོན་ཆོག་ཁོང་དུ་ཆུད་ཟིག

རང་ལོ་བརྒྱད་ནས་སྔོན་འགྲོ་སྦྱངས་ཟིག

དགུ་བར་སུམ་རྟགས་དག་གསུམ་བསླབས་ཟིག།

དགུང་ལོ་བཅུ་བའི་དུས་ནས་བཟུང་སྟེ།

མཁས་གྲུབ་བྱེ་བའི་གཙུག་རྒྱན།

ལུང་རྟོགས་བསྟན་པའི་བདག་པོ།

དཔལ་སྐྱང་སྟོན་རྒྱལ་བའི་ཐུགས་རྗེས་ཟིན་ནས།

ཐུན་མོང་ཐུན་མིན་གྱི་རིག་གནས་ཀུན་ལ་བརྩོན་པ་བསྐྱེད་ཙུག

ལྷག་པར་དུ་དགུང་ལོ་བཅོ་ལྔའི་ཐོག་ནས།

མདའ་ཆེན་དཀར་མོ་རི་ཁྲོད་དུ་ལོ་གསུམ་སྒྲུབ་གྲྭར་ཞུགས་ཟིག

སོ་བྱང་སྔགས་གསུམ་གྱི་སྡོམ་པ་བླངས་ཟིག

སྒྲ་སྙན་ཡིག་རྩིས་ཞོར་ནས་བསླབས་ཟིག

ཕྱི་ནང་རིག་གནས་ཀུན་ལ་སྒྲོ་འདོགས་ཆོད་ཙུག

དབང་ལུང་མན་ངག་ཀུན་གྱི་མཛོད་དུ་གྱུར་ཟིག

ངག་དབང་དབྱངས་ལྡན་དགྱེས་པའི་བློ་གྲོས་ཞེས།

མཁས་པའི་མཚན་སྙན་གྱི་ཅོད་པན་བདག་གིར་བཞེས་ཟིག

ཉི་ཤུའི་ལོ་ལ་རང་ཡུལ་བསྙེགས་ཟིག

བོན་བརྒྱ་བླ་རབས་ཀྱི་གདན་ས་བསྐྱངས་ཟིག

སྐལ་ལྡན་མང་བོ་རྗེས་སུ་བཟུང་ནས།

བོན་ཟབ་མོའི་རང་སྒྲ་ཕྱོགས་སུ་བསྒྲགས་ཟིག

ཆོས་བསྟན་པའི་རྒྱལ་མཚན་དགུང་ལ་བཙུགས་ཟིག་ཟེར་རྒྱུ།

 

ཡ།  ད་དེ་ནས་སེམས་ཅན་བསོད་ནམས་མར་འགྲིབ་ཀྱི་ལོ་ཟླ།

དུས་ངན་དུས་ཀྱི་སྙིགས་མ།

སྤྱི་ལོ་ལྔ་བཅུ་ང་བརྒྱད།

གོང་དཔོན་པོ་ཁྲིམས་མུན་བཙོན་ལ་འཇུག་དུས།

མི་མཁས་པའི་ངག་ལ་སྒོ་ཟྭ་རྒྱག་དུས།

སྒར་དགོན་པའི་གྲྭ་བ་སྐྱ་སར་ཕབ་དུས།

ཡོད་པོའི་རྒྱུ་ནོར་གཞུང་བཞེས་བྱེད་དུས།

སེམས་ཅན་བཀྲེས་པས་འཆི་ལམ་བསྙེགས་དུས་ཀྱང་།

ཁོང་རིགས་ཀྱིས་ཐུགས་བསྐྱེད་གོ་ཆ་བཙན་པོ་ལུས་ལ་བགོས་ཏེ།

དད་གསུམ་རི་དབང་གི་མགོ་མ་སྒུར།

བརྩོན་པའི་ཆུ་ཆེན་གྱི་རྒྱུན་མ་ཆད་པར།

གནས་བཙོན་མཁར་སྒོ་མེད་ཀྱི་ནང་ནས།

ཐུགས་ཀུན་སྙོམས་ཀྱི་སྤྱན་ཟུང་ཧར་གྱིས་ཕྱེས་ཏེ།

བློ་རིས་མེད་ཀྱི་དཔའ་གདེངས་སྟོབས་ཀྱིས་བསྐྱེད་དེ།

ཐར་ཤུལ་ཡོངས་འཛིན་ཆེན་པོ།

ལབ་བསོད་ནམས་རྩེ་མོ།

གྲུབ་དབང་སེམས་དཔའ་ལ་སོགས།

ཆོས་བརྒྱུད་གཞན་དང་གཞན་པའི་མཁས་གྲུབ་དག་ལས་ཀྱང་།

ལུང་མན་ངག་ཀུན་གྱི་བཅུད་བླངས་ཟིག

རང་གཞན་གྲུབ་མཐའ་ཀུན་ལ་མཁས་པར་གྱུར་ཟིག

མཐའ་མར་སེམས་དཔའ་ཆེན་པོའི་ཁུར་བླངས་ཏེ།

བདག་གཞན་བརྗེ་བའི་འཕྲུལ་བསྟན་ནས།

གཞན་སྲོག་སྐྱབས་པའི་རྣམ་དཀར་མཛད་རྗེས་ཀྱིས།

བཙོན་མུན་པའི་ཁམས་ལ་བདེ་མོ་བཞག་གས།

འོད་སྣང་བ་དཀར་བོའི་ལམ་ཆེན་བསྙེགས་ཟིག་ཟེར་རྒྱུ།

 

ཡ། ད་དེ་ནས་སྤྱི་ལོ་གཅིག་དགུ་རེ་དྲུག་གི་ལོ་ནས།

ཡུལ་འཛམ་བུ་གླིང་གི་སྒལ་བ།

གནས་གངས་ཅན་གཡང་གི་ར་བ།

ཕྱུགས་དཀར་ནག་གི་ཐང་མ་བརྡལ་ས།

འབྲུ་སྣ་ལྔ་ཡི་བང་མཛོད་བསྐྱིལ་ས།

ཆུ་གཙང་བོ་ཀྱ་ཀྱུས་འབབ་ས།

མཚོ་དྭངས་མོ་སྔོ་མེར་འཁྱིལ་ས།

ཆོས་དཀར་བོའི་བསྟན་པ་དར་ས།

བོད་ཡུལ་སྟོད་སྨད་བར་གསུམ་ཀུན་ཏུ་ཡང་།

རིག་གསར་གྱི་རླུང་ལྡང་ཟིག

ཞེ་སྡང་གི་མེ་འབར་རེས།

འཐབ་རྩོད་ཀི་དོ་འཕྱུར་ཟིག

ད་མཁར་ཁང་བ་མཐོན་པོ་གཞུང་བཞེས་བྱས་ཟིག

སྒར་དགོན་པ་གང་ཡོད་གཏོར་བཤིག་བཏང་ཟིག

ནང་བརྟེན་པ་གང་ཡོད་བཅོམས་བཅག་བྱས་ཟིག

རྗེ་བླ་མ་གསེར་ཞྭ་ཅན་པོ།

གོང་དཔོན་པོ་ཐམ་ག་ཅན་པོ།

སྐྱེས་ཕོ་རབ་དཔའ་གདེང་ཅན་པོ།

མདོར་ན་མྱི་གང་མཁས་གང་བཟང་བཙོན་ན་བཅུག་གས།

ཡུལ་ཤུལ་ལུས་ཚང་མར་དགག་རྒྱག་བྱས་ཟིག

མྱི་ཡོད་པོར་ཕྱུག་བདག་གཟས་ནས་གཅར་ཟིག

ཆོས་བསྟན་པར་རྨོངས་དད་གཟས་ནས་བརླགས་ཙུག

ལྷ་བསང་སྔོན་མོའི་དོ་ཆད་ལས།

དམ་ཆོས་ཟབ་མོའི་སྒྲ་འགག་གས།

ལྷ་གསོན་པོ་ཡིན་རུང་བྲོས་ནས་འགྲོ་དུས།

ཁྱིམ་སྲུང་མ་ཡིན་རུང་སྐུང་ནས་འདུག་དུས་སུའང་།

བདག་ཅག་གི་རྩ་བའི་བླ་མ།

ཐུགས་དགོངས་ལ་གཏིང་མཐའ་མེད་པ།

ཐུགས་རྗེ་ལ་ཉེ་རིང་མེད་པ།

ངེས་དོན་གྱི་སེམས་དཔའ་ཆེན་པོ་འདི་བ་ཚང་གིས།

ཐུགས་གསང་བའི་ངང་ནས་སློབ་གཉེར་གྱི་རྒྱུན་བསྐྱངས་ཟིག

སྐུ་སྦས་པའི་ངང་ནས་མན་ངག་གི་དོན་སྒོམ་ཟིག

རིག་དངོས་སྲུང་སྐྱོབ་ཀྱི་ཁུར་བླངས་ཟིག

གསུང་རབ་འབྲི་ཀློག་གི་སྲོག་བཟུང་ཟིག་ཟེར་རྒྱུ།

 

ཡ། ད་དེ་ནས་སྐལ་ངན་གྱི་མེ་ལྕེ་ཞི་ཡས།

སྐལ་བཟང་གི་ཉི་མ་ཤར་རེས།

རང་དབང་གི་མིག་ཟུང་ཕྱེ་དུས།

སངས་རྒྱས་མི་ཡི་རྣམ་རོལ།

པཎ་ཆེན་སྣང་བ་མཐའ་ཡས།

མདོ་ཁམས་གཡར་མོ་ཐང་ལ་ཞབས་ཟུང་བསྒྱུར་རེས།

ཆོས་སྲིད་བྱ་བ་ཀུན་ལ་གཟིགས་ཞིབ་མཛད་ཙུག

རང་སྐྱོང་རང་བདག་གི་བཀའ་གསུང་བདུད་རྩིའི་ཆར་རྒྱུན་ཕབ་ཙུག

མདོ་ཁམས་སྐྱེ་འགྲོ་ཀུན་ལ་མ་བུ་མཇལ་འདྲའི་དགའ་བ་རྒྱས་ཟིག

ཁྱད་པར་དུ་བོད་མིའི་ནང་སེམས་ཀྱི་སངས་རྒྱས་རློན་པ།

ཀུན་གཟིགས་པཎ་ཆེན་ཐམས་ཅད་མཁྱེན་པ་མཆོག་དེས།

རེབ་གོང་གསེར་མོ་ལྗོངས་ནས་བཀའ་ཆོས་བདུད་རྩོའི་དངོས་གྲུབ་བསྩལ་ཟིག

ཡང་ཁྱད་བདག་ཅག་གི་རྩ་བའི་བླ་མར།

རང་རང་གི་བསྟན་པ་ལ་བདག་གྱིས།

ཐུགས་མཐུན་ཁྲིམས་གཙང་གི་དགོན་སྡེའི་གཞི་ཟུངས་ཞེས།

སྒོར་སྟོང་ཕྲག་དུ་མའི་གནང་སྦྱིན་བྱིན་རྟེན་དང་བཅས་པའི།

བཀའ་མཆིད་ཡིད་བཞིན་གྱི་ནོར་བུ་སྤྱི་བོའི་རྒྱན་དུ་གནང༌ཟིག་ཟེར་རྒྱུ།

 

ཡ། ད་དེ་ནས་རྩ་བའི་བླ་མ།

ཐུགས་རྗེ་ཆེ་བ། ཐབས་ལ་མཁས་པ་གང་དེས་ཀྱང་།

དཀའ་བ་གདོང་གིས་བསུས་ནས། ངལ་བ་རྒྱབ་ཏུ་བསྐྱུར་རེས།

བོན་བརྒྱ་སྨན་རིའི་གླིང་འདི་སླར་གསོ་བྱས་ཟིག

ཚུལ་ཁྲིམས་བསྟན་པའི་སྲོག་བཟུང་ཟིག

དེ་ཡིན་རུང་རྒྱ་མཚོ་ཆུ་ཡིས་མི་ངོམས།

རྒོད་པོ་ཤ་ཡིས་མི་ངོམས་པའི་དཔེ་བཞིན་དུ།

མགོན་པོ་གང་གིས་རྔ་བའི་ཕྱོགས་ནས་ཡོངས་འཛིན་བཟོད་པ་རྒྱལ་མཚན།

རྒྱ་འོབ་བསྟན་འཛིན་དབང་རྒྱལ།

བྱ་འཕུར་བསྟན་འཛིན་རྒྱལ་མཚན་སོགས་ལས་ཀྱང་།

བོན་ཟབ་མོ་དབང་ལུང་མན་ངག་གི་སྙིང་བོ་ཐུགས་རྒྱུད་ལ་བླངས་ཟིག

མཚན་ཉིད་དགེ་རྒན་གདན་དྲངས་ནས་བཤད་གྲྭ་བཙུགས་ཟིག

གཞུང་ཐེག་པ་ཀུན་ལ་བཤད་ཉན་སྤེལ་ཙུག

འཆད་པའི་སྒྲ་བསྒྲགས་ཟིག

རྩོད་པའི་འབྲུག་ལྡིར་ཟིག

རྩོམ་པའི་གློག་འཁྱུག་ཟིག

དེ་མིན།  སྒྲ་དང་སྙན་ངག་སྨན་རྩིས།

ལྷ་རིས་དང་ཡིག་རིགས་པར་བརྐོ་ལ་སོགས།

ཐ་སྙད་རིག་གནས་ལ་ཡང་མཐོང་ཆེན་བྱས་ཟིག

དེ་ལྟ་བུའི་སྒོ་ནས་རིག་གནས་ཐོས་བསམ་གྱི་རྐང་བཟུང༌ཟིག

དེ་མིན་སྐུ་དངོས་ཀྱིས་ལོ་གསུམ་སྒྲུབ་གྲྭའི་སྲོལ་བཙུགས་གས།

དངོས་གཞིའི་ཉམས་ལེན་ནས་རྩ་རླུང་བཅུད་ལེན་ལ་སོགས།

ཁྲེགས་ཆོད་ཐོད་རྒལ་ནས་མུན་ཁྲིད་ཨ་གཏད་ལ་སོགས།

བཀའ་དང་གདམ་པ་ཟབ་མོ་ཉམས་སུ་བླངས་ཏེ།

སྒྲུབ་བརྒྱུད་བསྟན་པའི་སྲོག་ཤིང་སྲ་བརྟན་དུ་བཏང༌ཟིག

དེ་ཡང། ཕྱི་རྣམ་པ་ཙམ་གྱི་ར་བ་ནས་བུད་དེ།

མིང་སྟོང་བ་ཙམ་གྱི་ཕྱི་རོལ་དུ་ཆས་ཏེ།

དོན་དམ་པའི་ཐོས་བསམ་རྣལ་མ་ཡི་ཕྱིར་དུ།

མཁས་གྲུབ་གོང་མ་རྣམས་ཀྱི་དགོངས་པའི་བཅུད་བླངས་ངས།

གདམས་པའི་གནད་ཕྱུངས་ངས།

ལག་ལེན་གྱི་རྒྱུན་བསྐྱངས་ངས།

དབང་ལུང་ཁྲིད་གསུམ་གྱི་ཕྱག་ལེན༌བཅའ་ཡིག་དང་བཅས་པ་འཐུས་ཚང་བ།

གྲལ་འགྲིག་པ། ཁུངས་དག་པ། གནད་འདུ་བ།

འཛིན་བདེ་བ་སོགས་ཀྱི་ཁྱད་བོན་རྫོགས་པའི་ཕྱོགས་ལ་ཐུགས་བསྐྱེད་ཙུག

བཀའ་དྲིན་དེའི་མཐུ་དང་དཔལ་ལ་བརྟེན་ནས།

རང་དགོན་མཁས་གྲུབ་འབྱུང་གནས་གཙོ་བྱས།

བོད་ཡུལ་སྟོད་སྨད་བར་གསུམ་ནས་བསླབ་པ་སློབ་གཉེར་གྱི་དཔའ་ངོམ་མཁན།

སྒྲུབ་པ་ཉམས་ལེན་གྱི་རྩལ་འདོན་མཁན།

མཇལ་སྐོར་ཕྱག་སྐོར་གྱི་ཁ་གྲངས་གསོག་མཁན་ལ་སོགས།

སྐལ་ལྡན་གདུལ་བྱ་ནི་སྟོན་གྱི་སྤྲིན་པ་བཞིན་འདུས་ཟིག

དད་ལྡན་མང་ཚོགས་ནི་གསེར་གྱི་བུང་བ་བཞིན་འཁོར་ཟིག་ཟེར་རྒྱུ།

 

ཡ། ད་གཞན་ཡང་། བདག་ཅག་གི་བླ་མ་རིན་པོ་ཆེ་འདི་བ་ཚང་གིས།

སྤྱིར་ན་བོད་ཡུལ་སྟོད་སྨད་བར་གསུམ།

སྒོས་སུ་མདོ་ཁམས་གཡང་གི་ར་བ།

ཡང་སྒོས་ཁྲི་ཤོར་རྒྱལ་མོའི་ལྷོ་བྱང་།

རྨ་ཀླུང་གསེར་ལྡན་རིང་མོའི་ལྷོ་ནུབ།

རང་དགོན་གྱི་བསྟན་པའི་རྩ་ལག་ཏུ་གྱུར་བའི་སྒྲུབ་སྡེ་ཉི་ཤུ་རྩ་བརྒྱད་དེ།

རེབ་གོང་བོན་མང་དང་བོན་བརྒྱ་སྡེ་སྤྱི།

སོ་ནག་བོན་པོ་དང་སེ་བརྒྱ་བོན་མང་།

སྟོང་ཆེ་བོན་མང་དང་སྣང་རའི་ཞྭ་ཁྲ།

མར་ནང་བོན་སྡེ་ཁ་གསུམ་ལ་སོགས།

རུ་སྡེ་རེ་ལ་གསས་ཁང་རེ།

གསས་ཁང་ལྷ་ཡིས་བཞེངས་འདྲ་རེ།

གསེས་ཁང་རེ་ལ་ནང་རྟེན་རེ།

ནང་རྟེན་ཀླུ་ནས་དྲངས་འདྲ་རེ།

རེ་རེ་བཞེངས་པའི་འགྲོ་དོན་དུ་།

ཉིན་གྱི་ཟས་བཅག  མཚན་གྱི་གཉིད་བཅག་གས།

འདི་གསར་བཞེངས་སྒོ་འབྱེད་ཀྱི་སྣེ་ཁྲིད་ཟིག

ལ་ལར་ཐབས་ལམ་ཟབ་མོ་བསྟན་ཟིག

ལ་ལའི་ལས་ཁུར་ཆེན་པོ་བླངས་ཟིག

སྤྱི་ཡོངས་ལ་བཀྲ་ཤིས་རབ་གནས་མཛད་ལས།

དབང་ལུང་མན་ངག་གི་ཆར་ཆེན་ཕབ་ཙུག།

མདོར་ན་ལྷ་སྡེ་མི་སྡེ་སོ་སོ་ནས།

མི་སེམས་ཀྱི་རེ་བ་མ་བཅག་ག

ནང་སེམས་ཀྱི་འདོད་པ་མ་བརླག་ག

བོན་ཟབ་མོའི་འཁོར་ལོ་རྒྱ་ཆེར་བསྐོར་བས།

གཡུང་དྲུང་བསྟན་པའི་མེ་རོ་ཕྱོགས་མེད་དུ་སོས་ནས།

སྐེ་རང་གེ་ཡོད་ཡོད་ལ་མགོ་གཞན་ལ་གཡོར་བའི་ལོ་རྒྱུས་ཀྱི་མཇུག་བསྡུས་ཟིག

གླུ་རང་གེ་ཡོད་ཡོད་ལ་ངག་གཞན་ལ་བསྟུན་པའི་སྐྱོ་གར་གྱི་རྒྱུན་བཅད་ཙུག་ཟེར་རྒྱུ།

 

ཡ།  ད་བདག་ཅག་གི་བླ་མ་ཕ་མ་འདྲ་བོ།

བྱིན་རླབས་སངས་རྒྱས་འདྲ་བོ་འདིར།

ཐོས་བསམ་སྒོམ་གསུམ་གི་རྟགས་ཐོན་ནས།

མཁས་བཙུན་བཟང་གསུམ་གི་དཔལ་འཛོམས་མས།

འཆད་རྩོད་རྩོམ་གསུམ་གི་རྩལ་རྫོགས་གས་ཡོད་ནོ་གི།

འདི་སློབ་མ་ས་ཁའི་མེ་ཏོག་ཟིག་ཡིན་ནོ།

དད་འབངས་ནམ་མཁའི་སྐར་ཚོགས་ཟིག་ཡིན་ནོ།

ཁ་རྗེ་འོ་མ་འཕྱུར་འདྲ་ཟིག་ཡིན་ནོ།

སྙན་གྲགས་གཡུ་འབྲུག་ལྡིར་འདྲ་ཟིག་ཡིན་ནོ།

འཕྲིན་ལས་ཟླ་བ་ཚེས་འདྲ་ཟིག་ཡིན་ནོ།

ཡང་འདིའི་འཕྲུལ་ངག་རྩོམ་གྱི་སྦྱོར་བ་ཡི་ཕྱོགས་ནས།

བླ་མའི་རྣལ་འབྱོར་བྱིན་རླབས་གཏེར་ཆེན།

ཞལ་གདམས་རིག་འཛིན་བླ་མའི་ཞལ་ལུང༌།

ལམ་རིམ་བསྡུས་དོན་ཐར་ལམ་གསལ་བའི་མེ་ལོང༌ལ་སོགས་པ།

ས་བཅད་དང་གྲངས་འདྲེན་རྫོགས་མེད།

དྲིས་ལན་དང་ཕྱག་ལེན་མཚུངས་མེད།

བསྟན་འབྱུང༌དང་བསྟན་རྩིས་འགྲན་མེད།

ཟིན་ཐོ་དང་དོགས་དཔྱོད་ཟླ་མེད་སོགས།

བརྩམས་ཆོས་ཀྱི་གྲངས་མང་ནོ།

གྲངས་རྩིས་ན་ས་ཁའི་རྩི་ཏོག་ཟིག་ཡིན་ནོ།

བརྗོད་བྱ་ཡི་གཏིང་ཟབ་ནོ།

གཏིང་ཟབ་མོ་ཞི་བདེ་རྒྱ་མཚོ་ཟིག་ཡིན་ནོ།

དགོངས་པ་ཡི་གནད་འདུས་ནོ།

གནད་གང་ཡོད་ལག་མཐིལ་རི་མོ་ཟིག་ཡིན་ནོ།

ཚིག་སྦྱོར་གྱི་སྡེབ་ལེགས་ནོ།

ཚིག་སྙན་མོ་དབྱངས་ཅན་པི་ཝང་ཟིག་ཡིན་ནོ།

རིགས་ལམ་གྱི་རྐྱ་གྲིམ་ནོ།

རྐྱ་མ་འདྲེས་ཀུ་ཤའི་རྩེ་མོ་ཟིག་ཡིན་ནོ།

དགག་བཞག་གི་དབལ་རྣོ་ནོ།

དབལ་རྣོན་པོ་སྨྲ་སེང་རལ་གྲི་ཟིག་ཡིན་ནོ།

ངས་མ་བཤད་ཚང་མས་མཁྱེན་ནི་རེད་ལ་ཟེར་རྒྱུ།

 

ཨོ། ད་དེ་ལྟ་བུའི་ཁྱད་བོན་གྲངས་མེད་པའི་མཐུ་ལས།

ཕྱི་དང་ནང་མེད་ལ། གམ་དང་རྒྱང་མེད་ར།

ཤེས་འདོད་རྣ་བ་ཀྲོག་ཀྲོག་གིས་ཉན་ནས།

བསྟེན་འདོད་གོམ་ཆུང་བྲེལ་བྲེལ་གྱིས་འདུས་ནས།

མཇལ་འདོད་མིག་ཟུང་ཀེམ་ཀེམ་གྱིས་སྒུག་གས།

རང་ས་ཡི་མི་ཚོགས་ཕྱི་རིམ་ནང་རིམ་ཟིག་ཡིན་ནོ།

ཕྱི་ཡོང་གི་མགྲོན་པོ་གཡས་ཚོགས་གཡོན་ཚོགས་ཟིག་ཡིན་ནོ།

ལྷག་པར་དུ་ཕྱིའི་རྒྱལ་ཁབ་ཁག་ནས་གདན་ཞུ་ཡང་ཡང་གནང་བ་བཞིན་དུ།

རྒྱལ་སྤྱིའི་བོད་རིག་ཞིབ་འཇུག་གི་ཚོགས་འདུ་རབ་དང་རིམ་པར་ཞུགས་ཏེ།

འཆད་པའི་ངག་གིས་ཉན་མཁན་ཀུན་གྱི་ཡིད་བཀུག་ཟིག

དྲིས་པའི་ལན་གྱིས་རྟོགས་འདོད་ཅན་གྱི་དོགས་པ་བསལ་ཙུག

ད་བདག་ཅག་གི་དཔུང་གཉེན་དམ་པ་འདི།

རིག་པའི་ཐང་གི་ཅང་ཤེས་ཟིག་ཡིན་ནོ།

འདིས་རིག་གཞུང་གི་ཐང་ཆེན་ཤོག་སྐྱ་ལྟེབས་ལྟེབས་ཡེད་ནོ།

འདིས་དཀའ་གནད་ཀྱི་ལ་མོ་གྲུ་གུ་སྒྲིལ་སྒྲིལ་ཡེད་ནོ།

འདིས་ལུང་རིག་གི་ཉག་ག་སྒྲོག་གུ་བརྟོལ་བརྟོལ་ཡེད་ནོ་གི

མཁས་པའི་སྙན་པ་ཕྱོགས་སུ་རྒྱས་ནས།

མཁས་པའི་མཁས་པར་ཀུན་གྱིས་བཀུར་ཟིག་ཟེར་རྒྱུ།

 

ཨོ།  ད་རྒྱུ་མཚན་དེ་དག་གི་ཕྱིར་ན

ང་ཚོ་བླ་མ་གཅིག་གི་སློབ་མ།

གདམ་ངག་གཅིག་གི་རྒྱུད་པ།

ངུར་སྨྲིག་རྒྱལ་མཚན་འཛིན་པའི་གྲྭ་བ།

གོས་དཀར་ལྕང་ལོ་ལྡན་པའི་སྔགས་འཆིང་།

ལག་ཕྲེང་བ་འཛིན་གི་ལོ་ལོན་རྒན་རྒོན།

གཟུགས་སྐྱེས་ལུས་ཅན་གྱི་གཞོན་ནུ་ཕོ་མོ།

ཆུང་འགྲོ་འདུག་སློབ་པའི་བྱིས་པ་ཚུན་ཆད་ཀྱིས་མཚོན་པའི།

འདིར་བཞུགས་ཀྱི་སྐུ་མགྲོན་ཚང་མས་ཀྱང་།

རང་གི་བླ་མ་འདི་ཡིད་བཞིན་གྱི་ནོར་བུ་ཟིག་ཡིན་ནོ།

བཀའ་གསུང་སྙན་མོ་འདི་ནོར་བུའི་དངོས་གྲུབ་ཟིག་ཡིན་ནོ།

འདི་ཉེ་དུས་ཐོད་པ་གཏུག་ས་ཟིག་ཡིན་ནོ།

རིང་དུས་ཡིད་ནས་སྒོམ་བྱ་ཟིག་ཡིན་ནོ།

བཀའ་དྲིན་རི་རྒྱལ་ལྷུན་པོ་ཟིག་ཡིན་ནོ།

ལྷུན་པོ་རླུང་གིས་སྒུལ་མེད་ཙུག་ཡིན་ནོ།

བྱིན་རླབས་རྒྱ་མཚོ་ཆེན་པོ་ཟིག་ཡིན་ནོ།

རྒྱ་མཚོ་ཉི་མས་སྐམ་མེད་ཙུག་ཡིན་ནོ།

ད་མདོར་ན་འདི་ཕྱི་ཀུན་གྱི་སྐྱབས་དང་མགོན།

དཔུང་དང་གཉེན་དམ་པ་ཟིག་ཡིན་ཚུལ་འདི།

ནམ་ཡིན་རུང་ཡིད་ནས་བརྗེད་མི་ཉན་ནས།

དུས་རྟག་ཏུ་སེམས་ལ་འཛིན་དགོ་ནི་ཟིག་ཡིན་ནོ།

ངས་དེ་རིང་ཚང་མར་ཡང་ཡང་ཞུས་ནི་ཡིན་ཟེར་རྒྱུ།

 

ཡ། ད་རྗེ་བླ་མའི་མཁྱེན་རྒྱ་འདི་ནམ་མཁའ་སྔོན་པོ་རེད།

ནམ་མཁའི་ཆེ་ཆུང་འདི་འཇལ་ཐབས་མེད་ཀི

ཕ་མ་བླ་མའི་མཛད་རྗེས་འདི་ས་ཡི་རྡུལ་ཕྲན་རེད།

རྡུལ་ཕྲན་གྲངས་ཀ་འདི་རྩི་ཐབས་མེད་ཀི

ང་ད་རུང་འདའ་མ་འདུར་ཟིག་ཡས་དུས།

ཁྱོད་ཉན་མཁན་གྲང་ངས་ལོས་ཕྱིད།

ང་བཤད་མཁན་ལྟོག་གས་འདར་རྒྱུ་རེད།

ད་གནའ་མི་བོད་ཀྱི་གཏམ་དཔེ་ར།

བན་རྒན་ཆོས་ལ་ཆོས་མཚམས་ཟིག་དགོ་ནས་ཟེར་གི

ཆོས་མཚམས་མེད་ན་འཆོལ་བོ་ཡིན་ནས་ཟེར་གི

གཏམ་བཤད་ཞི་ལེ་མཚམས་ཚུགས་ཟིག་དགོ་ནས་ཟེར་གི

མཚམས་ཚུགས་མེད་ན་སུན་སྤྱད་ཙུག་ཡིན་ནས་ཟེར་གི།

དེ་ན་ད་ངས་གཏམ་ཨ་ཧྭ་མ་བོ་བཤད་མཚམས་འཇོག་ག

འདི་བཞུགས་ཀྱི་སྐྱེས་ཕོ་མོ་རྒན་གཞོན་ཀུན་གྱིས་མཚོན་པའི།

སྒར་གྲོང་གཉིས་ཀའི་ཚབ་ཡེད་ལ།

ཨོ་གནམ་ལོ་གསར་བའི་ནང་དུ།

སྐྱབས་རྗེ་བླ་མ་དམ་པ།

བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་གང་ཉིད་ཀྱི།

སྐུ་བརྟན་པོ་རི་རྒྱལ་ལྷུན་པོ་ཟིག་ཡིན་ནས།

ལྷུན་པོའི་སྟེང་ལ་ཉི་འོད་ཙུག་ཕོག་ནས།

གསུང་མི་འགག་འབྱུང་ལྔའི་རང་སྒྲ་ཟིག་ཡིན་ནས།

སྒྲ་དབྱངས་སྙན་མོ་རང་གྱག་ཟིག་ཡིན་ནས།

ཐུགས་མི་འགྱུར་ནམ་མཁའ་སྔོན་མོ་ཟིག་ཡིན་ནས།

མཁའ་ལ་འཇའ་ཚོན་རང་ཤར་ཟིག་ཡིན་ནས།

ད་མདོར་ན། ཁོང་རིགས་ཀྱི་སྐུ་ཚེ་རྒྱལ་མཚན་ཡུན་ནས་ཡུན་དུ་བརྟན་ནས།

སྐལ་ལྡན་གྲངས་མེད་ཐུགས་བརྩེ་བ་ཆེན་པོས་རྗེས་སུ་བཟུང་སྟེ།

ཟབ་མོ་བོན་གྱི་བདུད་རྩི་ཕངས་མེད་དུ་བསྩོལ་བའི།

བཀྲ་ཤིས་སྨོན་འདུན་ཡང་ཡང་དུ་ཞུས་ནི་ཡིན་ཟེར་རྒྱུ།

 

ཡ། ད་ཕྱོགས་ཡོང་སྐུ་མགྲོན་ཚོས་མགོ་བོ་སྒུར་ནོ་བལྟས་ན།

གྲལ་མགོའི་ཨ་ཁུ་ཚོས་ཐོད་པ་གཉེར་ནོ་བལྟས་ན།

གྲལ་སྐེད་དཔོན་རྒན་ཚོས་ཞལ་ངོ་གནག་ནོ་བལྟས་ན།

གྲལ་རྔའི་སྟག་ཤར་ཚོའི་དཔུང་བ་བཟུར་ནོ་བལྟས་ན།

གྲལ་མཐའི་མ་སྲུ་ཚོས་ཁ་ངོ་བཏུམས་ནོ་བལྟས་ན།

ལུས་གྲང་ནས་མི་ཚད་སུན་གོ་ནོ་ངས་ར་ཤེས་ཀི

ད་དྲིན་ཆེན་གཡང་རྒན་ཚོ། གཡང་གི་བདག་པོ་ཚོ།

ཐུགས་མ་ཁྲོ་ཞལ་ཁེབས་ཡར་ལ་ཁྱོགས་ག

སྤོ་མ་ལངས་འཛུམ་དཀར་ཕྱི་ར་ངོམ་དྲ།

ད་འུ་ཚོས་བཀྲ་ཤིས་པའི་དགའ་སྟོན་འདིའི་རྩེད་མགོ་རྩོམ་རྒྱོ་ཡེད་ཟེར་རྒྱུ།

 

ཡ། ད་ངས་བཤད་ལས་ཁ་ལྕེ་སྐམ་སོང་རུང་།

ཁྱོས་ཉན་ནས་རྐང་བ་ཕྱིད་སོང་རུང་།

མགོ་འཛིན་རྒྱུའི་འགན་ཁུར་ང་ལ་བབས་བས།

ཁྲོམ་དགའ་རྒྱུའི་རེ་བ་ཀུན་ལ་ཆེ་ནོ་གི

ངས་གླུ་བ་གླུ་མ་ཚོར་རེ་བ་ཚིག་གསུམ་ཟིག་ཞུ་ཨ།

ཨོ་ད་ཚེ་རིང་རྒྱུ་ཆ་བོ། གནམ་གི་སྲུང་རྒྱུ་ཆ་བོ།

ད་དེ་རིང་མྱི་དགའ་ར་ལྷ་དགའ།

བདག་གཞིས་མགྲོན་གཉིས་ཀ་མཉམ་འཛོམས་ཀི་ཉི་མ།

ཕ་བླ་མའི་ཐུགས་ཀ་དྲོ་གི་ཉི་མ།

ནང་བུ་སློབ་སྣང་བ་སྐྱིད་ཀི་ཉི་མ་འདིར།

སེམས་ཀྱི་དགའ་བ་གླུ་རུ་ལོངས་ང་།

ཡིད་ཀྱི་དུངས་པ་དབྱངས་སུ་ཁུགས་ཀ

བདེ་མོའི་གར་གྱི་སྟངས་སྟབས་ངོམས་མ།

གྲོག་མ་མིག་མེད་ཡིན་རུང་རྣ་བཟུར་གི་ཉན་ནས།

ཐང་དཀར་རྒོད་པོ་ཡིན་རུང་སྐེ་བཟུར་གི་ལྟ་ནས།

སྐད་ཡོད་གཟོ་བྲེལ་བ་ལངས་ནས།

སྐད་མེད་གཟོ་ཁོག་དཔུང་ལངས་ནི་ཟིག་རྩེས་ཨ།

ད་མཐར་གཏུགས་ན། ཁྲོམ་ཆེན་པོ་འདི་སྤྲོ་བས་མྱོས་ནས།

མི་ཚང་མས་དགའ་དགའ་སྐྱིད་སྐྱིད་ཀྱི་དཔལ་ལ་རོལ་བའི་རེ་སྨོན་ཡང་ཡང་ཞུས་ནི་ཡིན་ཟེར་རྒྱུ།

 

བཀྲ་ཤིས་བདེ་ལེགས་ཤོག

 

སྤྱི་ལོ ༢༠༡༣ ལོའི་ལུགས་རྙིང་གི་ཟླ ༡༢ པའི་ཚེས ༧ ཉིན་ལ་རོང་བོ་ནས་གྲུབ་པར་བྱས་སོ།།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།