འཛམ་གླིང་མཁས་པའི་གཙུག་རྒྱན་རྗེ་བོན་བརྒྱ་ཐམས་ཅད་མཁྱེན་པ་དཔལ༧དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་མཆོག་དགུང་གྲངས་བརྒྱད་ཅུ་བཞེས་པའི་དུས་སྟོན་གྱི་མཛད་སྒོ་ལ་རི་བོ་ཧི་མ་ཡའི་ཉེ་འཁོར་དུ་གནས་པའི་བླ་སྤྲུལ་དང་མཁན་སློབ་རྒྱལ་ཁབ་ཕྱི་ནང་ཀུན་གྱི་མཁས་དབང་རྣམས་ཀྱིས་རིན་པོ་ཆེ་ཁོང་ལ་ཤིས་སྨོན་བསྔགས་བརྗོད་ཀྱི་སྙན་ཚིག་གིས་གནམ་ས་བར་སྣང་འགེངས་པ་ཞིག་ཕུལ་ཡོད་པས་<ཤིས་སྨོན་གཡུང་དྲུང་དགུ་འཕར>ལས་རེ་འགའ་ཞིག་འདི་རུ་བཀོད་པ་ཡིན།
སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་གིས་བསྩལ་བའི་ཤིས་སྨོན།།
ཨེ་མ་ཧོ། སྟོན་པ་བླ་མེད་གཤེན་རབ་འཆི་མེད་གཙུག།
སྐྱོབ་པ་བླ་མེད་མདོ་སྔགས་རྫོགས་གསུམ་བོན།།
འདྲེན་པ་བླ་མེད་སེམས་དཔའ་རིག་འཛིན་བཅས།།
བླ་མ་མཆོག་གསུམ་ངོ་བོར་གསོལ་བ་འདེབས།།
རྨད་བྱུང་དགེ༷་ལེག༷ས་གསེར་གྱི་རི་དབང་བརྗིད།།
སྐུ་གསུམ་ལྷུ༷ན་གྲུ༷བ་བང་རིམ་མངོན་པར་མཛེས།།
མཁྱེན་བརྩེ་ཉི་ཟླས་འགྲོ་ཁམས་མུན་པ་སེལ།།
གདུལ་བྱ་རྒྱ༷་མཚོ༷འི་མགོན་ཁྱེད་གསོལ་བ་འདེབས།།
འཆད་རྩོད་རྩོམ་གསུམ་བསྟན་པའི་གསལ་བྱེད་གྱུར།།
བསྙེན་སྒྲུབ་ལས་ཀྱིས་འགྲོ་ཁམས་སྨིན་གྲོལ་མཛད།།
འཁོར་ལོ་གསུམ་གྱི་ལེགས་བྱས་འོད་སྣང་འབུམ།།
བསྟན་འགྲོའི་ཕན་བདེ་རྒྱས་མཛད་བཀའ་དྲིན་ཅན།།
རྩ་གསུམ་ལྷ་དང་སྲུང་མའི་བྱིན་རླབས་མཐུ།།
འཕྲུལ་ངག་བཀའ་དང་བོན་ཉིད་བདེན་པའི་སྟོབས།།
གདུལ་བྱའི་བསོད་ནམས་བཟང་པོའི་རྟེན་འབྲེལ་གྱིས།།
ཞབས་པད་རབ་བརྟན་བཞེད་དགོངས་ལྷུན་གྲུབ་ཤོག།།