བོན་བརྒྱའི་ཨ་ལགས་ཐམས་ཅད་མཁྱེན་པ།

རྩོམ་པ་པོ།   ཆོས་འཁོར་ཚང་ཉི་མ་འོད་ཟེར།
132226754562

༢༠༠༦ལོར་འཇར་མན་གྱི་རྒྱལ་ས་རྙིང་པ་བྷོན་དུ་ཨ་ལགས་བོན་བརྒྱ་མཆོག་ཞལ་མཇལ་བའི་སྐབས།

མདོ་སྨད་བྱང་བརྒྱུད་གཡུང་དྲུང་བསྟན་པའི། །

སྲོག་ཤིང་འཆང་བའི་འདུལ་འཛིན་ཚོགས་ལ། །

གཙང་མའི་ཁྲིམས་ཀྱི་གནས་གཞི་འཛུགས་མཁན། །

བོན་བརྒྱའི་ཨ་ལགས་ཐམས་ཅད་མཁྱེན་པ། །

 

སྔགས་ཀྱི་རྣལ་འབྱོར་རེབ་གོང་བོན་མང་། །

ཕུར་ཐོགས་རིག་འཛིན་སྟོང་དང་དགུ་བརྒྱའི། །

ཟུར་ཕུད་རལ་པའི་གཙུག་གི་ཅོད་པན། །

བོན་བརྒྱའི་ཨ་ལགས་ཐམས་ཅད་མཁྱེན་པ། །

 

སེམས་དང་རླུང་ལ་གྲུབ་མཆོག་བརྙེས་པའི། །

གསེར་ལྗོངས་ཡུལ་གྱི་སྒྲུབ་བརྒྱུད་ཚོགས་ལ། །

གནས་ལུགས་ངོ་སྤྲོད་སྟོན་པའི་བོན་བདག །

བོན་བརྒྱའི་ཨ་ལགས་ཐམས་ཅད་མཁྱེན་པ། །

 

ཐོས་པའི་དོན་ལ་དབང་ལུང་མན་ངག །

བདུད་རྩིའི་ཐིགས་འཕྲེང་ཚུལ་དུ་བཅུས་ཏེ། །

ཐུགས་ཀྱི་བུམ་པར་ཕྱུར་བུར་བསྐྱིལ་བའི། །

བོན་བརྒྱའི་ཨ་ལགས་ཐམས་ཅད་མཁྱེན་པ། །

 

བསམ་པའི་ཤེས་རབ་རྣོ་མྱུར་ཅན་གྱིས། །

མཉན་པའི་དོན་རྣམས་ལུང་དང་རིག་པས། །

སོམ་ཉི་སེལ་བཞིན་ཡིད་ལ་བཅགས་པའི། །

བོན་བརྒྱའི་ཨ་ལགས་ཐམས་ཅད་མཁྱེན་པ། །

 

སྒོམ་པས་དཔྱད་དོན་ངེས་ཤེས་རྙེད་རྣམས། །

ཡང་ཡང་འདྲིས་ཤིང་གོམས་པའི་མཚན་མར། །

ཉམས་དང་རྟོགས་པའི་དྲོད་ཚད་འབར་བའི། །

བོན་བརྒྱའི་ཨ་ལགས་ཐམས་ཅད་མཁྱེན་པ། །

 

འཆད་པའི་འཁོར་ལོར་བྱང་བའི་མཛད་འཕྲིན། །

ཐེག་པའི་རིམ་པ་བོན་དགུའི་སྙིང་དོན། །

སྐལ་ལྡན་རྣ་བའི་བཅུད་དུ་འཇོ་མཁས། །

བོན་བརྒྱའི་ཨ་ལགས་ཐམས་ཅད་མཁྱེན་པ། །

 

རྩོད་པའི་རིགས་པ་ལྷུ་རུ་བླངས་ཏེ། །

ཚིག་འཁྲིར་མི་ཐོགས་དོན་གྱི་བདར་ཤར། །

དགག་བཞག་སྤོང་གསུམ་མཛད་ལ་དཔའ་བ། །

བོན་བརྒྱའི་ཨ་ལགས་ཐམས་ཅད་མཁྱེན་པ། །

 

རྩོམ་པར་དཔྱིས་སུ་ཕྱིན་པའི་རྟགས་སུ། །

ཕུགས་རྡིག་འདྲ་བའི་པོད་ཆེན་བརྒྱད་པོ། །

བསྟན་པ་རྗེས་བཞག་ཚུལ་དུ་འཇོག་པའི། །

བོན་བརྒྱའི་ཨ་ལགས་ཐམས་ཅད་མཁྱེན་པ། །
ལྟ་བ་ཡས་ཕུབ་མཐའ་བྲལ་ཀློང་ཆེན། །

སྤྱོད་པ་མས་འཛེགས་ཆགས་བྲལ་སྐས་ཆེན། །

སྒོམ་པ་བར་གནས་རྩོལ་བྲལ་རྫོགས་ཆེན། །

བོན་བརྒྱའི་ཨ་ལགས་ཐམས་ཅད་མཁྱེན་པ། །

 

ཕྱི་ཡི་མཛད་སྤྱོད་ཤ་རིའི་འཕྲོ་འདུ། །

ནང་གི་རིམ་གཉིས་ཁོད་སྤུངས་མངོན་སུམ། །

གསང་བའི་དགོངས་པ་ཀུན་བཟང་དབྱེར་མེད། །

བོན་བརྒྱའི་ཨ་ལགས་ཐམས་ཅད་མཁྱེན་པ། །

 

ལུས་ངག་ཡིད་ཀྱིས་མི་དགེ་བཅུ་སྤངས། །

བསྙེན་སྒྲུབ་ལས་ཀྱིས་རང་ལུས་ལྷར་བསྒྱུར། །

གཞི་རྩལ་རོལ་པའི་ངང་དུ་རང་གྲོལ། །

བོན་བརྒྱའི་ཨ་ལགས་ཐམས་ཅད་མཁྱེན་པ། །

 

འཆད་པའི་གསུང་ངག་དྲུག་ཅུའི་དབྱངས་ཀྱིས། །

སྨྲ་བའི་ལྷ་མཆོག་རྗེས་སུ་སྙེག་འདྲའི། །

དྲན་དབང་བུ་སློབ་ཚོགས་ཆེན་སྐྱོང་བའི། །

བོན་བརྒྱའི་ཨ་ལགས་ཐམས་ཅད་མཁྱེན་པ། །

 

རྩོད་ལྡན་དུས་ཀྱི་གྲུབ་མཐའི་འཐབ་འཁྲུག །

རྨོངས་ཞེན་རིས་བཤད་དུན་ཙེའི་སྒྲོ་སྐུར། །

བརྒལ་བརྟག་རིགས་པས་བོན་དུ་ཞི་མཛད། །

བོན་བརྒྱའི་ཨ་ལགས་ཐམས་ཅད་མཁྱེན་པ། །

 

ལམ་ཁྲིད་སེམས་ཁྲིད་ཐར་པའི་ཁྲིད་ཡིག །

བསྟན་རྩིས་བསྟན་འབྱུང་བསྟན་པ་གསལ་བྱེད། །

དཔྱད་རྩོམ་མགུར་རྩོམ་ཅི་ཡང་རྩོམ་མཁས། །

བོན་བརྒྱའི་ཨ་ལགས་ཐམས་ཅད་མཁྱེན་པ། །

 

དེ་རིང་ཁྱེད་ཀྱི་དགུང་སྟོན་ཆེན་མོར། །

མགོ་སེར་གླིང་ནས་ཐོག་མར་མཇལ་བའི། །

བྱིན་ཅན་ཞལ་དཀྱིལ་ཡིད་ལ་འཁོར་བྱུང་། །

བོན་བརྒྱའི་ཨ་ལགས་ཐམས་ཅད་མཁྱེན་པ། །

 

ལྷག་པར་ཉིད་ཀྱིས་བདག་རྩོམ་ཀློག་ཞོར། །

“བདག་ཀྱང་ཁྱོད་འདྲའི་གཞོན་ནུ་ཡིན་ཚེ། །”

ཞེས་སོགས་སྤོབས་གདེང་སྤོར་བའང་དྲན་སོང་། །

བོན་བརྒྱའི་ཨ་ལགས་ཐམས་ཅད་མཁྱེན་པ། །

 

བརྒྱད་ཅུའི་དགུང་སྟོན་སྐལ་བཟང་ཉིན་མོར། །

མཆོད་ཚིག་མེ་ཏོག་འཕྲེང་བར་བསྟར་ཡོད། །

དགྱེས་པར་བཞེས་ལ་ཐུགས་བརྩེས་སྐྱོངས་ཤིག །

བོན་བརྒྱའི་ཨ་ལགས་ཐམས་ཅད་མཁྱེན་པ། །

 

འཁྲུངས་ཀྱང་བསྟན་དོན་ཁོ་ནར་འཁྲུངས་ཤིང་། །

འཚོ་ཡང་བསྟན་དོན་ཁོ་ནར་འཚོ་བས། །

སྐྱེལ་བའི་སྐུ་ཚེ་དེ་ལྟར་སྐྱེལ་བཞིན། །

བཞུགས་ཤིག་དེ་མུར་བསྐལ་བརྒྱར་བཞུགས་ཤིག །

 

དད་པས་སྙིང་བཞུས་མིག་ནས་འབྲུལ་བའི། །

ཨག་ཏ་རོང་གི་བོན་འབངས་གཙོས་པའི། །

ཤར་ནུབ་གར་བཞུགས་བོན་སྡེ་ཡོད་ཀས། །

དགུང་སྟོན་ཆེན་མོར་རྟེན་འབྲེལ་མཛོད་ཅིག །

 

བཀྲ་ལ་ཤིས་པའི་གླུ་དབྱངས་ལོངས་ཤིག །

གཡང་ལ་ཆགས་པའི་གར་སྟབས་སྒྱུར་ཅིག །

དོན་ཡང་འགྲུབ་པའི་རྐང་བྲོ་རྡུངས་ཤིག །

ཕུན་སུམ་ཚོགས་པའི་གྱ་སྟོན་རོལ་ཞིག །

ཅེས་པ་འདི་ནི་ཡུན་རིང་ཞིག་ཏུ་བོན་བརྒྱ་ཐམས་ཅད་མཁྱེན་པ་ཞེས་པའི་སྙན་པ་རྒྱང་རིང་ནས་ཐོས་པས་མ་ཚད་ཡིད་སྨོན་ཡང་འཆོར་མྱོང་བའི་དྲན་དབང་གང་ཉིད་ལོ་ངོ་བརྒྱད་ཀྱི་སྔོན་མས་སུ་ནུབ་ཕྱོགས་ཡུ་རོབ་མགོ་སེར་གླིང་དུ་དངོས་སུ་མཇལ་བར་མ་ཟད། བདུན་གཅིག་རིང་གམ་བཅར་གྱི་སྐལ་བཟང་ཐོབ་ཅིང་མཛའ་བརྩེའི་མོལ་མཆིད་དང་བློ་སྤོབས་གོང་སྤེལ་གྱི་ཞལ་ཏ་སོགས་ཀྱང་གང་མང་བསྩལ་བ་དེ་དག་དེ་རིང་ཡིད་ལ་འཁོར་བཞིན་གང་ཉིད་བསྟན་འགྲོའི་དོན་དུ་འཚོ་ཞིང་གཞེས་ཏེ་དགུང་གྲངས་བརྒྱད་ཅུར་ཕེབས་པའི་སྟོན་མོར་རྟེན་འབྲེལ་ཤིས་རྩོམ་ཙམ་དུ་བསྟར་བ་འདི་ཡང་ཅེག་(Czech Republic)སྤྱི་མཐུན་རྒྱལ་ཁབ་ཀྱི་ཆར་ལེ་སི་(Charles University)གཙུག་ལག་སློབ་གཉེར་ཁང་གི་བོད་སོག་རིག་པ་ཚན་པའི་དགེ་སློབ་གཉིས་ཀའི་མིང་ལྡན་ཆོས་འཁོར་ཚང་ཉི་མ་འོད་ཟེར་དུ་འབོད་པའི་རྒྱལ་ཁམས་པ་དེས་ལས་བྲེལ་གྱི་བར་གསེང་དུ་བགྱིས་པ་མུ་ཙུག་སྨར་རོ།། །།

 

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།