ཕ་རྒོད་བླ་མའི་རྟོགས་བརྗོད།

ཕ་རྒོད་བླ་མའི་རྟོགས་བརྗོད།

ཆོས་འཁོར་ཚང་ཉི་མ་འོད་ཟེར།

ཀུ་ཧུ་ཀུ་ཧུ་དཔྱིད་ཀྱི་རྒྱལ་མོས་སྙན་ཞིང་འཇེབས་པའི་དབྱངས་ཤིག་བསྒྲགས། །
དུས་ཀྱིས་བཀྱེས་པའི་ཕོ་ཉ་འདི་ཡིས་ཤིས་པར་གྱེར་བའི་འཕྲིན་ཞིག་གཏམ། །
དཔོན་གསས་བླ་མ་གཡུང་དྲུང་འཆང་ཆེན་བཅུ་ཕྲག་བརྒྱད་དུ་ཕེབས་སོ་ཞེས། །
ཕྱོགས་ཀྱི་བུ་མོའི་རྣ་བར་ལྷགས་པས་རྟེན་འབྲེལ་ཤིས་ཚིག་ནམ་མཁར་དཀྲིགས། །

 སྟེང་གི་ལྷ་རྣམས་ཤོན་རྩེད་གར་གྱིས་རྟེན་འབྲེལ་བྱིན་རླབས་སྐྱེས་སུ་འབེབས། །
བར་གྱི་མི་རྣམས་སྙན་ཚིག་རོལ་དབྱངས་རིག་བྱེད་མགྲིན་པའི་རྒྱུད་དུ་འཐེན། །
འོག་གི་ཀླུ་རྣམས་འདོད་དགུའི་མཆོད་སྤྲིན་ཟད་པ་མེད་པའི་དཔལ་གྱིས་བྲེལ། །
ས་གསུམ་ཀུན་ན་དགའ་སྟོན་འཁྱིལ་བས་དགྱེས་དགུར་མི་རོལ་ཡོད་རེ་སྐན། །

བཀྲ་ལ་ཤིས་པའི་དགུང་སྟོན་ཆེན་མོའི་སྤྲོ་དགས་མྱོས་པའི་དགྱེས་སྟོན་འདིར། །
སྐལ་བཟང་གླུ་ཡི་དགའ་བྲོད་བཤམས་པའི་དབྱངས་སྙན་རོལ་མོའི་ཀློང་གསེང་ནས།།
རིང་ནས་བསྐྱངས་པའི་བཀའ་དྲིན་བཟང་པོའི་ཆ་ཙམ་ཡིད་ངོར་བྱས་པའི་མོད། །
ཕ་རྒོད་བླ་མའི་རྟོགས་བརྗོད་ཉུང་ངུ་རྟེན་འབྲེལ་ཚུལ་གྱིས་གདངས་སུ་གྱེར། །

 མདོ་ལ་རིང་མོའི་སྨད་ཀྱི་ཆར་གཏོགས་བརྗིད་ལྡན་དུང་དཀར་ལྷུན་པོའི་འགྲམ། །
རྒྱ་བོན་ཟིང་པས་གཏེར་ཆུ་བསྒྲུབས་ནས་བྱིན་གྱིས་རླབས་པའི་གནས་མཆོག་རྒྱུད། །
ཁྲི་སྨོན་རུ་དང་ཤར་མོ་སྡེ་བཞིའི་ཕྱྭ་གཡང་འཁྱིལ་བའི་ཡུལ་ཁོག་དབར། །
སྐྱང་འཕགས་ཚང་གི་མཚན་ཟུར་སྤུད་པའི་བོན་སྡེ་གཡུང་དྲུང་གཏམས་པའི་གྲོང༌། །

 ལྗོངས་ཡུལ་གང་དེར་རབ་བྱུང་རྒྱལ་པོ་(༡༦)ས་སྦྲུལ་ལོ་ཡི་དགའ་སྟོན་ཉིན། །
རྗེ་བཙུན་གང་ཉིད་ལྡོང་གི་རིགས་སུ་མཚན་དཔེའི་མཚོ་སྐྱེས་པད་མོ་བཞད། །
སྤྱིར་ནི་འཛམ་གླིང་སྒོས་སུ་བོད་ལྗོངས་ཡང་སྒོས་རྒྱལ་བའི་འཁྲུངས་གཞིས་ཀྱི། །
ཡུལ་ལ་བྱིན་ཆགས་གནས་ཀྱང་བཀྲ་ཤིས་ཕུན་སུམ་ཚོགས་པ་དགུ་བརྩེགས་ཚང༌། །

 དེ་དུས་ཡུམ་གྱི་རྨི་ལྟས་བཟང་ཞིང་གསོལ་བའི་མཚན་དོན་ཟབ་ན་ཡང༌། །
ཡང་སྲིད་འཚོལ་བའི་མཛོད་པ་དག་གི་སྙན་གྱི་དབང་པོར་མ་སོན་ཞིང༌། །
རྒྱ་སོག་གོང་མའི་བཀའ་ཡིག་བཙན་པོའི་ཐམ་གའི་རྒྱ་རུའང་མ་ཚུད་ལ། །
ལྷ་བླ་སུས་ཀྱང་ལུང་གིས་མ་ཐེབས་གསེར་གྱི་བུམ་པའི་མགུལ་ལས་ཐར། །

 དེས་ན་ཁྱེད་ཀྱི་ལྷད་མེད་རྟོགས་བརྗོད་གཞན་དྲིང་མི་འཇོག་ངོ་མཚར་ཅན། །
ཡང་སྲིད་གཞན་གྱིས་སྤྲུལ་པ་འགྱེད་པའི་སྐྱེས་རབས་དག་དང་མ་སྦྲེལ་ཞིང༌། །
སྐྱེས་ཆེན་དམ་པ་སུ་དང་གང་གི་བླ་དྭགས་རྫིག་པོས་མ་བརྒྱན་པར། །
རང་གི་རྣམ་ཐར་རང་གིས་བསྐྱངས་པའི་ལོ་རྒྱུས་བཀའ་ཐང་འདི་ན་སྤེལ། །

 ཤེས་ཡོན་རིག་པའི་རྩལ་དྲུག་རྫོགས་ཕྱིར་གཤོག་འགྱུར་གཅིག་གི་རྡེབ་ཤུགས་ལས། །
ཁྱིམ་གཞིས་ཚང་མལ་རབ་ཏུ་བསྐྱུར་ནས་དབེན་གནས་དག་པའི་དབྱིངས་སུ་བསྐྱོད། །
དུས་འགྱུར་སྐྱི་བསེར་ཅི་འདྲའི་རྒོད་ཀྱང་རྣམ་པར་མི་འཇིགས་བྱ་རྒྱལ་ཁྱུང༌། །
གཙང་སྡོམ་ཉེར་ལྔའི་སྒྲོ་ཐུལ་བདོག་པས་མཛད་འཕྲིན་ཚུལ་འཆོས་དྲི་མས་དག །

 སྐྱེས་སྟོབས་བློ་ཡི་མཆེ་དབལ་རྣོན་མོ་བྲག་རྫོང་བཙན་པོའི་ཁ་ནས་ངོམ། །
སྦྱངས་སྟོབས་བརྩོན་པས་གཙུབ་ཅིང་བརྡར་བའི་སྡེར་མོའི་ངར་ཁ་ནགས་སུ་བགྲད། །
བཅུ་ཕྲག་གནས་ཀུན་མཁྱེན་པའི་དཔལ་འབར་འཛུམ་དྲུག་གྲ་རིས་ཁྲོམ་ལ་བསྟན། །
འཇིགས་མེད་རིག་པའི་དཔའ་རྩལ་མངའ་བའི་རྒྱ་སྟག་དམར་པོའི་ང་རོ་བརྗིད། །

 འཆད་པ་གཞུང་ཆེན་རྒྱ་མཚོའི་འཇིངས་ལས་ཡོན་ཏན་རིན་ཆེན་ནོར་བུ་དམྱུགས། །
རྩོད་པ་གནམ་ལྕགས་ཐོག་གི་མེ་ཆར་རྒོལ་ངན་ཐེའུ་རང་སྙིང་ལ་གཟིར། །
རྩོམ་པ་སྒྲ་བརྒྱས་བློ་གསར་མདོངས་ལྡན་དང་བའི་གར་ལ་རྩེན་པར་བསྐུལ། །
གྲགས་པའི་སྙན་པ་དབྱར་སྐྱེས་རྔ་བོ་ཕྱོགས་སུ་ལྡིར་བའི་གཡུ་འབྲུག་རྒྱལ། །

 མཁས་བཙུན་བཟང་པོའི་རྩལ་གསུམ་རྒྱས་ཤིང་སྤམ་པའི་འགྱིང་སྟབས་སྒ་ར་ར། །
བཀའ་པོད་ལྔ་ཡི་གཞུང་དོན་སྒྲོག་པའི་ཞལ་གདོང་ལྔ་ཡང་འཁྲིགས་སེ་འཁྲིགས། །
ཐོས་བསམ་སྒོམ་པའི་ཉམས་རྟོགས་རྒྱས་པའི་གཡུ་མདོག་རལ་པ་ཉིལ་ལི་ལི། །
བོན་ཀུན་སྨྲ་བར་ཐོགས་མེད་གཞུངས་པའི་གངས་སེང་དཀར་མོ་རྔམས་སེ་རྔམས། །

 མདོར་ན་ལྔ་ཟུང་གནས་ལ་བརྩོན་པས་བློ་ཡི་སྨག་རུམ་སངས་པ་དང༌། །
མདོ་སྔགས་སེམས་ཀྱི་གཞུང་ལུགས་སྦྱངས་པས་དོན་གྱི་ཡོན་ཏན་རྒྱས་པའི་མོད། །
རབ་འབྱམས་ཆེན་པོའི་མཚན་བཏགས་བཞེས་ཏེ་ཤར་ཡུལ་དམུ་སྲས་བསྟན་པའི་སྲོག །
དཔོན་གསས་སློབ་དཔོན་དྲུང་རམས་པ་ཡི་སློབ་རྒྱུད་ཡོངས་སུ་འཛིན་པར་བྱེད། །

 ཀུན་མཁྱེན་ཆེན་པོའི་བསྟན་རྩིས་དེ་ཉིད་དྲུང་རམས་པ་དང་སྒང་རུ་བའི། །
བསྟན་རྩིས་དབར་གྱི་ཁྱད་པར་དེ་ཉིད་ལུང་དང་རྣམ་དཔྱོད་ཚད་མ་ཡིས། །
ཞིབ་པར་བརྟགས་ཤིང་བསྡུར་བ་དེ་ཉིད་མྱོང་བས་ཟིན་བྲིས་བཏབ་པ་ཞིག །
ཁོ་བོར་བསྩལ་བའི་དཔར་སློག་དེ་ཉིད་གསུང་རྩོམ་ཐོག་མ་ཡིན་ཡང་ཟེར། །

 ཁྲོ་སྐྱབས་རྒྱལ་པོའི་ཕོ་བྲང་ཆེན་མོ་དྲུག་ཟུར་སྦུག་གི་ཤིང་དཔར་ལས། །
གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ་ཚར་གྲངས་འགའ་ཞིག་དཔར་བཤུས་ཀྱིས། །
ཤར་ཁོག་ཡུལ་གྱི་དགོན་སྡེ་ཆེན་མོར་རྟེན་བཞག་ཚུལ་དུ་ཕུལ་བ་རྣམས། །
བསྟན་ལ་བཞག་པའི་མཛད་རྗེས་ཆེན་མོའི་དབུ་ཁྱུད་ཐོག་མ་ཡིན་ནོ་ལོ། །

 ཕུགས་རྒྱང་ཞིག་གི་སྣེ་ལ་འཐམས་ནས་གསང་སྟབས་ཤིག་གི་འགྲུལ་བཞུད་ཅིག །
གནས་བསྐོར་ཞིག་ནས་འགོ་སྣེ་བཙུགས་པའི་ཨ་སྐྱོ་ཞིག་གི་མདུན་ལམ་ཞིག །
འོད་ཟེར་ཞིག་གིས་ཡང་ཡང་སྲུང་འདི་འཁྲུལ་སྣང་ཞིག་པའི་སྐྱེས་ཆེན་ཞིག །
ཐག་རིང་ཞིག་གི་ཞིང་ཁམས་སྙེག་པའི་རྒྱང་བཞུད་ཐོག་མ་ཡིན་པར་གྲག །

 རང་གཞུང་ཁོ་ནས་ཚིམས་པའི་སྣང་བས་ཁེངས་པའི་མགོ་བོ་མི་དགྱེ་བར། །
འབྲས་དཀར་སྤུངས་པའི་ཆོས་སྒོར་ཞུགས་ནས་སྒོ་མང་ཟིང་ཆུ་ཁམས་ཚན་དུ། །
གྲུབ་དོན་ས་གསུམ་དཔྱིས་སུ་ཕྱིན་ཏེ་ཕར་ཕྱིན་ཐེག་པར་སློབ་པའི་མོད། །
གློ་བུར་ཉིད་དུ་དུས་འགྱུར་ཆེན་མོའི་ཟིང་འཁྲུག་ལངས་འདི་ཕངས་པ་ལ། །

 དེ་ནས་བྲུ་ཡི་གྲྭ་ས་གསུམ་དང་གཤེན་གྱི་གསེར་སྒོ་ཕྲ་མོ་སོགས། །
སྤ་ཡི་གདན་ས་ལ་ཕུག་དགོན་དང་རྨེའུ་ཚང་བཟང་པོ་རི་ཡིས་གཙོས། །
བོན་གནས་བྱིན་ཅན་ཀུན་ལ་བསྐོར་ཞིང་བོན་འབྲེལ་ཞུས་ཏེ་རང་རྒྱུད་ལ། །
སྨིན་བྱེད་དབང་ནས་བརྒྱུད་པའི་ལུང་དང་གྲོལ་བྱེད་ཁྲིད་ཀྱིས་ཕྱུག་པར་མཛད། །

 ད་ནི་སྒང་པ་བོད་ཀྱི་ཡུལ་འདིར་རྒྱལ་བསྟན་གནས་ཐབས་བྲལ་བས་ན། །
རེ་བའི་སྤྱན་ཞགས་རྒྱང་དུ་འཕངས་ཏེ་བསྟན་དོན་ཐུགས་སུ་བཅངས་མཛད་ནས། །
ས་འཛིན་དཀར་པོའི་བསྟར་འཕྲེང་བསྒྲིགས་པའི་ཧི་མ་ལ་ཡའི་རི་འདབས་སུ། །
ཞབས་ཐང་འགྲོས་ཀྱིས་བེར་གའི་ཆིབས་ཞལ་གློ་དང་དོལ་པོའི་ཕྱོགས་སུ་བསྒྱུར། །

 སྐབས་དེར་གྲྭ་ས་གོང་འོག་གཉིས་ཀྱི་མཁན་སློབ་གཙོས་པའི་སྐྱེས་ཆེན་རྣམས། །
ཡང་སྟོན་བླ་མའི་གདན་སའི་གཙོ་བོ་བསམ་གླིང་དགོན་པར་འཛོམས་པ་འདིས། །
སྔ་དུས་རིག་འཛིན་གྲུབ་ཐོབ་རྣམས་ཀྱིས་བསྟན་པ་འཛུགས་ཡུལ་བརྟགས་པའི་སླད། །
ལྷོ་རོང་དོམ་སྒྲོ་ནག་པོའི་གླིང་འདིར་ཞབས་ཀྱིས་བཅགས་པའི་ངང་ཚུལ་འགོག །

 ཤར་ཕྱོགས་མཐོ་སྒང་མེས་པོའི་སྙིང་ཐིགས་བོན་གདམས་ལས་ཀྱི་བགོ་སྐལ་ཙམ། །
ནུབ་ཕྱོགས་ཚན་རྩལ་རིག་པའི་གླིང་གི་ཆེས་མཐོའི་སློབ་གཉེར་ཁང་དུ་སྤེལ། །
ལྷོ་གླིང་འཛིན་མའི་སྤྱི་སྐད་དབྱིན་ཡིག་ཐུགས་སུ་བསྣམས་ཏེ་འཕགས་ཡུལ་གྱི། །
བྱང་ཕྱོགས་རི་སུལ་འཁྲས་སུ་བརྟེན་པའི་བོད་རིགས་གཞོན་ནུར་སྐྱེས་སུ་བསྩལ། །

 དེང་རབས་ཤེས་བྱའི་རྩ་བ་འཛུགས་པའི་བྱེས་འབྱོར་སློབ་གླིང་ཐོག་མ་ཡི། །
འགན་འཛིན་ཆེན་མོའི་ཐུགས་འགན་བཞེས་ཏེ་འཛིན་སྐྱོང་ཡར་ངོར་འགྲན་པ་ལ། །
གྲུབ་མཐའི་ཀོ་ལོང་རུ་ཏྲས་གྲབས་པའི་ལྐོག་གཤོམ་སྙན་དུ་ལྷོངས་མ་ཐག །
ཉེན་མགོ་ཐོན་པའི་རང་སྲོག་འདྲུད་ཀྱིན་རྒྱ་མཚོའི་ཕ་མཐར་བྲོས་ཤིང་བྱོལ། །

 བོན་འབངས་ཡོངས་ཀྱི་འདི་ཕྱིའི་སྐྱབས་གཅིག་ཞྭ་དཀར་བསྟན་པའི་གཙུག་རྒྱན་དུ། །
གོང་འོག་གདན་སའི་མཁན་སློབ་རྣམ་པས་མཚན་བྱང་ཟན་རྟགས་བསྒྲིལ་བ་ལས། །
སྨན་རིའི་ཁྲི་འཛིན་སོ་གསུམ་པ་ཉིད་ལུང་རྟོགས་བསྟན་པའི་ཉི་མ་ཞེས། །
མཉམ་མེད་རྒྱལ་བའི་གསེར་གྱི་ཁྲི་རུ་བོན་སྐྱོང་དམ་ཅན་རྒྱ་མཚོས་བཏེགས། །

གྱེར་འབངས་ལྷ་སྡེ་ངང་གིས་འཛོམས་གནས་བོན་གཞིས་ཐོབ་རྒྱལ་གསར་པ་རུ། །
བྲུ་ལུགས་འཛིན་པའི་གདན་སའི་ཐུ་བོ་གཤེན་བསྟན་སྨན་རིའི་གླིང་ཆེན་ཞེས། །
ཕྱི་ནང་རྟེན་དང་བརྟན་པ་ལ་སོགས་ཕུན་ཚོགས་སྡེ་བཞིའི་དཔལ་གཡང་ཅན། །
བོན་གྱི་གྲོང་རྡལ་ཆེན་པོར་བསྐྲུན་པས་བོན་ཚིགས་ཡུལ་གྱི་ལྟེ་བར་གྲགས། །

 བསྡུ་དངོས་བཞི་ཡི་ཐབས་ཀྱིས་མ་བོས་ལས་ཀྱི་འཕྲུལ་དང་དང་བའི་བློས། །
བཤད་དང་སྒྲུབ་པར་གཞོལ་བའི་སློབ་ཚོགས་ངང་གིས་འདུས་པའི་སྡེ་ཆེན་འདིར། །
འཆད་ཉན་སྒོམ་པའི་སྔར་སྲོལ་བསྟུད་སྟེ་རབ་འབྱམས་དུ་མ་སྐྱེད་སྲིང་གིས། །
ཐོབ་རྒྱལ་གསར་པའི་གྲུ་ཁུགས་དེ་ནས་བསྟན་པ་ས་དར་གནམ་དར་མཛད། །

 དེ་ལྟར་ཁྱེད་ཀྱི་མཛད་རྗེས་མཇལ་བའི་དག་སྣང་ཅན་གྱི་སྐྱེས་བུ་འགས། །
དད་པའི་རྣམ་འགྱུར་མཛེས་པར་སྤྲུལ་ཏེ་མཁན་སློབ་ཉི་ཟླ་ཟུང་འབྲེལ་ནི། །
ཚེ་རབས་དུ་མར་འབྲེལ་བ་ཆགས་ཞེས་ལྷན་དུ་བསྐྱངས་པའི་མཛད་འཕྲིན་སོགས། །
སྔར་འདས་འཁྲུངས་རབས་ཨུ་དུམ་ཝ་རའི་འཕྲེང་རིམ་བསྟར་བ་འདི་ལྟར་ལགས། །

 རྒྱལ་བ་ཁྱེད་ཀྱིས་སྔོན་ཚེ་ཐོག་མར་གཡུང་དྲུང་བསྟན་པའི་སྲི་ཞུ་རུ། །
ཞང་ཞུང་ཡུལ་གྱི་མཁས་པའི་དབང་པོ་སྟོང་རྒྱུང་མཐུ་ཆེན་ཉིད་དུ་སྤྲུལ། །
བོད་ཡུལ་དབུས་ཀྱི་ལོ་ཀ་ཙཱཀ་ཤུ་དཔལ་ལྡན་གསང་ཆེན་གང་དང་ལྷན། །
རྒྱལ་བའི་བཀའ་རྣམས་སྨར་གྱི་སྒྲ་ལས་སྤུ་རྒྱལ་བོད་ཀྱི་སྐད་དུ་བསྒྱུར། །

 དེ་ནས་སྐབས་ཤིག་རྒྱལ་རིགས་བྲུ་ཡི་རིང་ལུགས་ཉག་འཕྲང་ཕྲ་བའི་དུས། །
སླར་ཡང་ཁྱེད་ཉིད་རྒྱལ་བ་གཉིས་པ་མཉམ་མེད་ཤེས་རབ་རྒྱལ་མཚན་ཞེས། །
ཡོངས་རྫོགས་བསྟན་པའི་བདག་པོར་གྱུར་དེས་བཀྲ་ཤིས་སྨན་རི་གསར་བསྐྲུན་གྱིས། །
ཐུགས་སྲས་དམ་པ་རིན་ཆེན་རྒྱལ་མཚན་གདན་སའི་རྒྱལ་ཐེབས་ཁྲི་རུ་གསོལ། །

 རེ་ཞིག་མཚམས་ན་མཉམ་མེད་རྒྱལ་བའི་བཤད་སྒྲུབ་བསྟན་པའི་སྡོང་འདེགས་སུ། །
བསྐྱར་དུ་མི་ཡི་གར་གྱིས་རྣམ་རོལ་སྣང་སྟོན་ཟླ་བ་རྒྱལ་མཚན་གྱིས། །
གཡུང་དྲུང་གླིང་གི་གདན་ས་བཏབ་ནས་མཁས་གྲུབ་བྱེ་བའི་འབྱུང་གནས་དེར། །
ཉི་མ་བསྟན་འཛིན་དབང་གི་རྒྱལ་པོས་འཆད་ཉན་བསྟན་པའི་གསལ་བྱེད་མཛད། །

 དེང་གི་ཆར་ཡང་རྒྱལ་བསྟན་སྤྱི་ལ་གསར་བརྗེའི་དུས་འགྱུར་བྱུང་བའི་སྐབས། །
རྒྱལ་བ་སྨན་རིའི་ཁྲི་འཛིན་མཆོག་དང་ཡོངས་འཛིན་སྨྲ་བའི་དབང་པོ་ཟུང༌། །
སླར་ཡང་སྟབས་ཅིག་ལྷན་དུ་འཛོམས་ཏེ་བོན་བསྟན་ཉམས་སུ་དམའ་བ་ཡང༌། །
ཧི་མ་ལ་ཡའི་རི་སུལ་འདབས་ནས་བསྐྱར་དུ་གསོས་པར་གླེང་བཞིན་གདའ། །

 རྒྱ་བལ་འབྲུག་སོགས་བོད་མཚམས་ཀུན་ལས་བོན་གྱི་ལྷ་སྡེར་གཏོགས་ཚད་ཀྱི། །
དབུལ་ཞིང་འཕོངས་དང་དྭ་བུར་ལུས་པའི་ཕྲུག་གུའི་མདུན་ལམ་བསྒྱུར་བའི་སླད། །
ཀུན་ཀྱང་ཉིད་ཀྱི་འཁྲིས་སུ་བསྡུས་ཏེ་བདེ་བའི་མལ་དུ་སྙོད་སྐྱོང་གིས། །
ཤེས་ཡོན་རིག་པའི་ལྟོ་གོས་བསྟབས་ནས་དོན་གྱི་ཕ་རྒོད་བླ་མར་མཛད། །

 བོན་སྒར་ཐོབ་རྒྱལ་གསར་པའི་གནས་སུ་མ་འོངས་བོན་གྱི་སོན་རྩ་སྟེ། །
གཞིས་བྱེས་ཀུན་ནས་ངང་གིས་འདུས་པའི་སློབ་ཕྲུག་ཕོ་མོ་དུ་མའི་ཁྱུ། །
ཉིན་རེ་བཞིན་དུ་འཛོམས་པའི་མོད་ལ་སྐད་དང་ཡིག་སྣ་ཚན་རིག་སོགས། །
སློབ་པར་གཞོལ་བའི་དགྱེས་སྟོན་བཤམས་ཏེ་དེང་རབས་ཤེས་ཡོན་དགའ་ཚལ་བསྐྲུན།།

 དྲང་སྲོང་མ་ཡི་སྡོམ་རྒྱུན་བཞུགས་པ་གསལ་བར་བྱེད་པའི་བོན་མོ་གླིང༌། །
སུམ་བརྒྱ་དྲུག་ཅུའི་མུ་ཁྱུད་མཛེས་པ་རིན་ཆེན་སྨན་གྱི་ཇོ་མོ་གླིང༌། །
རིམ་གཉིས་ཟབ་མོའི་གསང་འཁོར་སྒྱུར་བའི་གོས་དཀར་ལྕང་ལོ་འཁྱིལ་བའི་གླིང༌། །
ས་མ་ཡ་ཡི་འབུམ་སྡེ་སྲུང་བའི་ཕུར་ཐོགས་གསང་སྔགས་བདུད་འདུལ་གླིང༌། །

 ཕྱི་བཀོད་དཔེ་དབྱིབས་རྣམ་པར་རབ་མཛེས་དཀར་ནག་བཀྲ་གསལ་གསས་མཁར་ལ། །
ནང་རྟེན་མཛོད་ནོར་བོན་ཆོས་ཟུང་གི་གསུང་རབ་བཀའ་ཡི་སྒྲོམ་བུས་གཙོས། །
ལྷོ་གླིང་ཆེན་པོའི་གནའ་དེང་ཆོས་རིག་དེབ་ཐེར་རྒྱ་མཚོར་གྱ་ནོམ་པའི། །
ལྐོག་ན་མོ་ཡི་ཤེས་བྱའི་གནས་ཀུན་རི་ལྟར་བརྩེགས་པའི་བོན་གྱི་མཛོད། །

 ད་དུང་དེ་ཡིས་ག་ལ་ཚད་དེ་རིག་གཞུང་སློབ་གཉེར་འདུས་སྡེ་སོགས། །
ཆེས་མཐོའི་བོན་གྱི་དགེ་སློབ་ཁང་དང་མུ་ཁྲི་བཙད་པོའི་ཞིབ་འཇུག་ཁང༌། །
གཞན་ཡང་སྣ་མང་རྩོམ་སྒྲིག་ཁང་དང་སློབ་གཉེར་སྐྱོང་བའི་ཚོགས་སྡེ་བཅས། །
ཤེས་ཡོན་སློབ་ལ་ཉེ་བར་སྦྱོར་བའི་དགོས་མཁོའི་ཁོར་ཡུག་ཅི་ཡང་བསྐྲུན། །

 རྒྱལ་སྤྱིའི་རིག་མཛོད་གསུང་རབ་ཁྲོད་ན་བོན་དཔེ་གྲགས་ཅན་མཇལ་བའི་སྐབས། །
ལྷོ་རོང་དོལ་པོའི་ལ་རྒོད་ཐུར་ནག་འཁར་བས་འཇལ་བའི་ཨ་སྐྱོ་ཞིག །
དད་དམ་ཁོ་ན་གཏའ་མར་བཅོལ་ནས་གཡར་བའི་གླེགས་བམ་ཁུར་འདྲུད་ཀྱིས། །
ཚ་བའི་ཀློང་གི་འཕྲུལ་དཔར་ཁང་གི་སྒོ་ཐེམ་བསྙེགས་པའི་སྣང་བརྙན་འཆར། །

 མཐིང་གོས་ཅན་གྱི་བཤེས་གཉེན་དུ་མས་རྒྱལ་སྤྱིའི་མཁས་གྲལ་འགྲིམས་པའི་དུས། །
ཁྱེད་ཀྱིས་མི་ལོ་སུམ་ཅུའི་རིང་ལ་རྒྱགས་ཕྱེད་ལྟོགས་ཕྱེད་ངང་བཞུགས་ཏེ། །
ཡོད་ཚད་ཐམས་ཅད་བཤད་སྒྲུབ་བསྟན་པའི་སློབ་གཉེར་བ་ལ་ཕུལ་བའི་སྟེང༌། །
ད་དུང་དོམ་དང་བུ་ལོན་བསྐྱིས་ནས་འཚོ་བའི་མཐུན་རྐྱེན་སྦྱོར་བའང་དྲན། །

 བརྗིད་ཆགས་སྐུ་ཡིས་གསེར་ཆེན་ཉི་མ་དབྱིངས་སུ་འགྱིང་ལ་སྐྱེངས་པར་བྱས། །
ཟབ་བརླིང་གསུང་གིས་འཇིངས་རིང་རྒྱ་མཚོས་སོ་སོའི་གཏིང་མཐར་སོམ་ཉི་ཟོས། །
དཀྱེལ་ཡངས་ཐུགས་ཀྱིས་མུ་མེད་ནམ་མཁས་རང་གི་ཀློང་ལའང་དོག་སྣང་སྐྱེས། །
ཁྱེད་ཀྱི་གསང་གསུམ་ཡོན་ཏན་མཇལ་ནས་གནོངས་མཚེར་འདོར་བར་སུ་ཞིག་ཕོད། །

 མ་ཕམ་གཡུ་མཚོ་གཡུ་སྐྱེམས་ཚུལ་དུ་བསྟན་སྲུང་རྒྱལ་མོ་ཁྱེད་ལ་མཆོད། །
བགེགས་དང་ལོག་འདྲེན་དགྲ་སྲོག་གཅོད་པའི་གནམ་ལྕགས་རལ་གྲི་དྲག་ཏུ་ཕྱོར། །
ལ་ངག་གསེར་མཚོ་གསེར་སྐྱེམས་ཚུལ་དུ་ཡེ་ཤེས་དབལ་མོ་ཁྱེད་ལ་མཆོད། །
སྲིད་པ་ཧོས་ཀྱི་ཚེ་བུམ་བླུས་ཏེ་དཔོན་གསས་རྒྱལ་བའི་ཕྱྭ་ཚེ་སྲིངས། །

 བརྟན་ཞིང་བརླིང་པའི་གངས་དཀར་ཏི་སེ་བརྟན་བཞུགས་མཎྜལ་ཚུལ་དུ་བཏེགས། །
གཡུང་དྲུང་དཔོན་གསས་དམ་པ་ཁྱེད་ཀྱི་སྐུ་སྲོག་བྲག་བས་སྲ་བར་སྨོན། །
ལྷུང་ལྷུང་བཞུར་བའི་ཁ་འབབ་རྣམ་བཞི་ནང་མཛོད་ཁ་བཏགས་ཚུལ་དུ་བསྣར། །
གཡུང་དྲུང་དཔོན་གསས་དམ་པ་ཁྱེད་ཀྱི་ཚེ་མཐའ་ཆུ་བས་རིང་བར་སྨོན། །

 སངས་རྒྱས་བས་ཀྱང་བོན་དྲིན་ཆེ་ཞིང་ཕ་མ་ལས་ཀྱང་བྱམས་བརྩེས་ཕྱུག །
བཀའ་དྲིན་སུམ་ལྡན་ཕ་རྒོད་བླ་མ་ཁྱེད་ཀྱི་སྐུ་དྲིན་གཞལ་མཐའ་ཡས། །
འདི་ལྟར་བགྱིས་པའི་རིག་བྱེད་ཙམ་གྱིས་དྲིན་ལན་གསོབ་ཐབས་རེ་བས་སྟོང༌། །
འོན་ཀྱང་བདག་གིས་ཚེ་རབས་འདི་ལ་བསོད་ནམས་གསོག་པའི་དཔལ་དུ་བྱས། །
        ཞེས་རང་ཅག་ཞྭ་དཀར་རིང་ལུགས་འཛིན་པ་ཡོངས་ཀྱི་སྐྱབས་ཀྱི་ཐུ་བོ་སྟེ་མཉམ་མེད་རྒྱལ་བ་གཉིས་པའི་རྒྱལ་ཐེབས་ྋསྐྱབས་རྗེ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་དཔལ་བཟང་པོ་མཆོག་བོད་ལུགས་ལྟར་དགུང་གྲངས་བརྒྱད་ཅུར་ཕེབས་པའི་དགུང་སྟོན་ཆེན་མོའི་རྟེན་འབྲེལ་དུ་དམིགས་ཏེ་དཔོན་གསས་བླ་མ་མཆོག་གིས་རྒྱལ་བསྟན་སྤྱི་ལ་བསྐྱངས་པའི་འཕྲིན་ལས་རླབས་པོ་ཆེ་རྣམས་ཡིད་ངོར་དྲན་བཞིན་གསང་གསུམ་བསམ་མི་ཁྱབ་པའི་མཛད་སྤྱོད་ལས་རྟོགས་བརྗོད་ཉུང་ངུར་བྱས་པ་འདི་ཡང་བཀའ་དྲིན་སུམ་ལྡན་གྱི་རྩ་བའི་བླ་མ་གཡུང་དྲུང་འཆང་བ་ཆེན་མོ་གང་གི་ཐུགས་རྗེའི་སྐྱབས་འོག་ཏུ་མི་ཚེའི་བཞི་ཆ་གསུམ་ལྷག་འཆད་རྩོད་རྩོམ་གསུམ་གྱི་འཚོ་བར་བསྟེན་པའི་ཁུལ་ལས་རབ་འབྱམས་པའི་མིང་གནས་བདོག་པར་ལས་བསོད་མི་དམན་ཞིང༌། ཁྱད་པར་དུ་དམ་པ་དངོས་ཀྱི་ཞལ་སྔ་ནས་མིང་གཞི་སོགས་རིག་པའི་གནས་ལ་སྦྱངས་སྐལ་ཐོབ་པའི་རྟེན་འབྲེལ་གྱི་མཐུས་གང་གི་སྐུ་སྒེར་དྲུང་ཡིག་སོགས་གམ་བཅར་བའི་སྲི་ཞུ་བསྒྲུབ་རྒྱུའི་སྐལ་པས་ཀྱང་རེག་མྱོང་བའི་སྤོབས་སེམས་ཅན་ཆོས་འཁོར་ཚང་ཉི་མ་འོད་ཟེར་པས་རྗེ་བཙུན་བླ་མའི་བསྟོད་ཚོགས་དཔོན་གསས་མཆོད་པའི་གཤེན་དབྱངས་ཀྱི་དེབ་འཕྲེང་འདི་དག་རྩོམ་སྒྲིག་བྱེད་ཞོར་ཅི་ཁོམ་གྱིས་གྱ་ཚོམ་ཤར་མར་བྲིས་པས་དོན་བྱ་འདི་ཉིད་ཀྱི་ལེགས་པའི་ཆ་ཁོ་ནའི་འབྲས་བུ་སྨིན་པར་སྨོན་ཚིག་གིས་རྒྱས་བཏབ་སྟེ་ཕུལ་བ་ཐ་ཚན་མུ་ཙུག་སྨར་རོ།། །།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།