མཆོད་པ་དད་གསུམ་སྡུག་གུར་གྲོལ་བའི་མེ་ཏོག

སྐྱབས་རྗེ་བླ་མ་དམ་པ་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་རིན་པོ་ཆེ་མཆོག་ལ་ཕུལ་བའི་མཆོད་པ་དད་གསུམ་སྡུག་གུར་གྲོལ་བའི་མེ་ཏོག།        

དྲུང་མུ་གྱེར།

དགེ་བའི་ལེགས་ཚོགས་བདུད་རྩིའི་རྒྱུན་བཟང་བོ།།

ལྷུན་གྲུབ་བདེ་ཆེན་སྤྲིན་གྱི་ཀློང་ཡངས་ནས།།

འགྲོ་བ་རྒྱ་མཚོའི་གསོས་སུ་འདྲེན་མཛད་པ།།

བཞི་རྫོགས་བཀའ་དྲིན་ཅན་ལ་ཕྱག་འཚལ་ལོ།།

འགྱུར་མེད་སྲ་བརྟན་བྲག་ལ་འཕྱ་བའི་སྐུ།།

འགགས་མེད་དྲི་ཟའི་དབྱངས་དང་བསྡེབས་པའི་གསུང་།།

འཁྲུལ་མེད་གསང་གསུམ་ཀུན་འབྱུང་ནོར་བུའི་ཐུགས།།

མཚན་ལྡན་བླ་མ་བདེ་ཆེན་འཁོར་ལོར་བཞུགས།།

དྲི་མེད་མཁྱེན་དཔྱོད་ཡངས་པའི་མཁའ་དབྱིངས་ལས།།

འཁྲུངས་པའི་ལུང་རྟོགས་བསྟན་པའི་འོད་སྟོང་ཅན།།

གདུལ་བྱ་རྒྱ་མཚོའི་བསོད་ནམས་སྐྱེད་ཚལ་དུ།།

ལྷག་བསམ་ཤིང་རྟས་དྲངས་འདི་དད་པའི་ཡུལ།།

ལང་ཚོའི་འདབ་སྟོང་ཡོངས་སུ་མ་གྲོལ་ཡང་།།

ཚུལ་ཁྲིམས་དྲི་བསུང་ཕྱོགས་བཅུར་འཐུལ་བའི་དྲིར།།

འཁོར་བའི་སྐྱེ་འགྲོ་ར་ཡིག་གཉིས་པའི་ཁྱུ།།

མ་བོས་ངང་གིས་འཁོར་བའི་གྲངས་མི་རྙེད།།

རང་དོན་རྩེར་ཆིབས་ལྷུན་གྲུབ་ཡེ་ཤེས་བརྙེས།།

གཞན་དོན་མཐར་ཕྱིན་སྤངས་རྟོགས་ཡོན་ཏན་རྒྱས།།

དོན་གཉིས་ཕུན་ཚོགས་འབྲས་བུའི་མཛོད་འཛིན་ཁྱེད།།

རྫོགས་ལྡན་བསྐལ་བཟང་འདྲེན་པའི་དེད་དཔོན་ཉིད།།

ནམ་མཁའ་བདེན་པའི་སྐྱེས་ཕྲེང་རིམ་བྱོན་དུ།།

བསྟན་དང་འགྲོ་བའི་གངས་རིའི་རྩེར་བྱོན་ནས།།

དམིགས་མེད་སྟོབས་བཅུའི་བསྐྱངས་པའི་རི་དྦགས་ཚོགས།།

མི་འགྱུར་གཡུང་དྲུང་བོན་གྱིས་དབུགས་དབྱུང་བྱས།།

ལྷག་པར་སྙིགས་མའི་བདུད་དཔུང་འཕེལ་བའི་དུས།།

སེམས་བསྐྱེད་གོ་ཆ་བརྟན་པོའི་སྟོབས་བསྐྱེད་དེ།།

ཞི་བདེའི་ལམ་བཟང་བསྙེགས་པའི་སེམས་ཅན་ལ།།

དབང་ལུང་འཕྲུལ་གྱི་འཁོར་ལོ་ཡང་ཡང་བསྐྲུན།།

བླ་མེད་སྤྱོད་པ་རིན་ཆེན་གྲུ་བཟང་བོས།།

འགྲོ་ཀུན་སྡུག་བསྔལ་མཚོ་ལས་སྒྲོལ་བའི་ཕྱིར།།

མདོ་སྔགས་ཟུང་འབྲེལ་ཐབས་ཤེས་འཁོར་ལོ་ལ།།

ངལ་མེད་ཁ་ལོ་བསྒྱུར་ནས་འགྲོ་བ་འདྲེན།།

རྟོགས་པ་ཁྱུང་ཆེན་དར་མའི་རླབས་ཆེ་ཡང་།།

སྤྱོད་པ་མི་ཡི་རྣམ་པར་རོལ་བའི་གཟུགས།།

བློ་བཟང་འཛིན་མའི་ཁྱོན་ལས་འཁྲུངས་པ་འདི།།

རྒྱལ་སྲས་བྱེ་བའི་སྨོན་པའི་ཡུལ་དུ་སྣང་།།

དབྱིངས་ཤེས་དབྱེར་མེད་གཟིགས་པའི་ལྟ་བ་རྣོ།།

འཁྲུལ་སྣང་དབྱིངས་སུ་ཞིག་པའི་སྒོམ་པ་གསལ།།

འགྲོ་དྲུག་བུ་རུ་འཛིན་པའི་སྤྱོད་པ་མཛེས།།

སྐྱབས་གཞན་འཚོལ་བའི་འདུན་པ་ཡོངས་སུ་ལྷོད།།

གང་གི་མཁྱེན་དཔྱོད་ནམ་མཁའི་སྐྱེད་ཚལ་ལས།།

འཁྲུངས་པའི་སྐྱེས་མཆོག་ཨུ་དུམ་ལྦ་རའི་ལྗོན།།

གཤེན་བསྟན་མཛེས་པའི་རྒྱན་དུ་བཀོད་པ་ནི།།

བཀྲ་ཤིས་རྫོགས་ལྡན་བསུ་བའི་ཕོ་ཉར་དྲན།། 

ཨེ་མ་བྱང་ཆེན་བདེ་ལྡན་ཞིང་ཁམས་ནས།།

མཆོག་གསུམ་ཁྲི་ལས་སྤྲུལ་བའི་སྐུར་བཞེངས་ཏེ།།                                    

བྱ་དཀའི་འཕྲིན་ལས་འདེགས་པའི་ཐུགས་སྨོན་གྱིས།།

ལེགས་བཤད་རྒྱ་མཚོ་བསྐྱིལ་བའི་མཐའ་མི་རྙེད།།

སྐུ་ཡི་རི་རྒྱལ་ལྷུན་པོ་བརྗིད་ཅིང་བརྟན།།

གསུང་གི་གླེགས་བམ་ས་གཞིར་ཐང་མར་བརྡལ།།

ཐུགས་ཀྱི་ནོར་བུ་འདོད་དགུའི་གཏེར་དུ་འཁྱིལ།།

བློ་གསལ་བྱེ་བའི་བསོད་ནམས་ལྷུན་གྱིས་གྲུབ།།

མཚན་ལྡན་བླ་མ་གཞན་ནས་མ་བཙལ་ཀྱང་།།

ཟབ་རྒྱས་གཞན་ཕན་གདམས་ངག་ཆ་ཚང་དང་།།

དཀར་ནག་ལས་འབྲས་སྤངས་བླང་མཐའ་དག་པ།།

གསལ་མཛད་སྐྱབས་གནས་རྒྱལ་སྲས་དམ་པ་ལགས།།

འཆད་པའི་དབྱར་རྔ་ལྡིར་བའི་ཟིལ་ཤུགས་དང་།།

རྩོད་པའི་གློག་ཞགས་འཁྱུག་པའི་མཐུ་རྩལ་གྱིས།།

མོས་པའི་མདོངས་མཐར་དགྱེས་པའི་བྲོ་གར་དང་།།

མུ་སྟེགས་ཚོགས་ལ་སྙིང་གི་འཕར་རྩ་བསྒགས།།

སྐུ་ལ་ལང་ཚོའི་རྩལ་དགུ་རྫོགས་པའི་དུས།།

གསུང་དབྱངས་གཞན་གསོས་བུ་མོའི་གླུ་དབྱངས་དང་།།

ཐུགས་བཀོད་དབྱར་གྱི་དཔལ་མོའི་མཛེས་སྡུག་ལ།།

མི་འདོད་དགུན་གྱི་གཤེད་མའི་གདུག་པས་གཙེས།།

དུས་ངན་བདུད་ཀྱི་ཆོ་འཕྲུལ་ལྡོག་ཐབས་ལ།།

གསང་གསུམ་རིག་པའི་མཚོན་ཆ་རྣོ་ན་ཡང་།།

སྤྱི་མཐུན་ལས་ཀྱི་ཀྱག་ཀྱོག་ལམ་ཕྲན་ལ།།

འཇིགས་མེད་ཞབས་ཟུང་འཁོར་ལོ་མཚམས་མ་བཞག།

བཞིན་བཟང་གཟུགས་མཛེས་གཅིག་ལྕོགས་སྒྲུབ་ནུས་སྐུ།།

ཡིད་འོང་འཇམ་མཉེན་བདུད་རྩི་འཇོ་བའི་གསུང་།།

ངོ་མཚར་འཕྲུལ་སྣང་ལྦ་ལེར་སྟོན་པའི་ཐུགས།།

ཨེ་མ་གསང་ཆེན་མཛོད་ཁྱོད་ཤེས་རབ་ལྷ།།

ཀུན་མཁྱེན་མགོན་དངོས་གཅིག་ལྕོགས་འཇམ་མཉེན་སྟོན།།

མཐུ་ལྡན་སྣང་དཔལ་ཕུལ་བྱུང་དམིགས་བརྩེ་མཚོན།།

མཛད་རྣམ་ལྦལ་བཞད་གཟི་འོད་ཡོངས་རོལ་ལེགས།།

ཤེས་རབ་ཟབ་གསལ་ལྷ་མཆོག་ཨེ་མ་རྨད།།

གདམས་ངག་ཟབ་ལམ་མ་ཆད་རབ་བསྟན་པ།།

ཕ་མ་ལས་ལྷག་བྱམས་ལྡན་རྒྱལ་བ་ལས།།

མཛད་བཟང་ཡང་དག་རྒྱལ་སྲས་རྣམ་ཐར་ཅན།།

དཔལ་ལྡན་བླ་མ་དམ་པར་དད་ཕྱག་འཚལ།།

མཆོག་གི་བྱིན་རླབས་བདེ་ཆེན་དྲོད་འཇམ་གཏེར།།

གསེར་ལྗོངས་རིག་འབྱུང་གྲོང་དུ་བརྡོལ་བ་ཡིས།།

གཤེན་བསྟན་ཚ་ཟེར་ཅན་གྱི་དཀྱིལ་འཁོར་ལ།།

བཤད་སྒྲུབ་འོད་ཟེར་སྟོང་གི་སྣང་བ་རྒྱས།།

ཟག་མེད་ཐུགས་སྨོན་རྒྱལ་སྲས་བང་མཛོད་ལས།།

འཁྲུལ་མེད་དགེ་བཅུའི་ས་བོན་མ་ལུས་པ།།

སྐྱེ་མེད་བོན་གྱི་སྐུ་ལས་མ་གཡོས་པར།།

གྲངས་མེད་གདུལ་བྱའི་ཞིང་སར་རྟག་ཏུ་གླན།།

རྨད་བྱུང་བློ་གྲོས་ཆེན་པོའི་ཤིང་རྟ་འདིས།།

དྲངས་པའི་ཐུགས་རྗེ་ཉིན་བྱེད་གཞོན་ནུའི་འཛུམ།།

སྐྱེ་དགུའི་བསོད་ནམས་དབྱིག་འཛིན་ལྟོ་བ་རུ།།

བཞད་པས་ལེགས་ཚོགས་དབྱར་གྱི་དཔལ་ཡོན་རྒྱས།།      

གཞན་ཡང་ངོ་མཚར་ཐུགས་བཀོད་དོན་ལྡན་ཐིག།          

བཏབ་པའི་ཞིང་མཆོག་བཀྲ་ཤིས་སྨན་གྱི་རིར།།

སྲིད་ཞིའི་རྒྱན་གྱུར་བཤད་སྒྲུབ་སྨིན་གྲོལ་གླིང་།།

དགེ་བཅུའི་བསྟན་པ་འཕེལ་བའི་དཔལ་དུ་བཞེངས།།

འཕགས་ནོར་བདུན་གྱིས་ཕྱུག་པའི་གནས་མཆོག་དེར།།

སྐུ་གདུང་སྐུ་གཟུགས་གསུང་རབ་བྲག་རི་ལྟར།།

བརྩིགས་པའི་དོན་གཉིས་ལྷུན་གྲུབ་ལྷ་ཁང་དང་།།

སྒོ་མང་མཆོད་རྟེན་སོགས་ཀྱིས་ས་གཞི་བརྒྱན།།

འདི་འདྲའི་རྨད་བྱུང་འཕྲུལ་གྱི་གཟུགས་བརྙན་གྱིས།།

རྟོགས་བརྗོད་ལྷ་ཡི་རྫིང་རིང་ཁྱོན་འགེངས་ཡང་།།

བདག་བློའི་ཁབ་ཀྱི་བུ་གར་མ་ཤོང་བས།།

དད་འདུན་མེ་ཏོག་ཙམ་གྱིས་མཆོད་པ་འབུལ།།

ལེགས་བྱས་སྙེ་མ་དུད་པའི་འབྲས་བཟང་འདི།།

དཔལ་ལྡན་བླ་མའི་སྐུ་ཚེ་བརྟན་པ་དང་།།

ཐར་བའི་ལོངས་སྤྱོད་འཛོམས་པའི་དོན་ཆེད་དུ།།

བཅོས་མིན་སེམས་ཀྱིས་ཕུལ་བ་དགེ་གྱུར་ཅིག།

ལྷག་པར་མི་འགྱུར་བོན་བསྟན་ལྷ་ལམ་ཁྱོན།།

མི་འདོད་དུག་གསུམ་སྤྲིན་གྱིས་མ་བསྒྲིབས་པར།།

དཔལ་ལྡན་བླ་མའི་འཕྲིན་ལས་འོད་སྟོང་ཅན།།

བསྐལ་བའི་བར་དུ་གླིང་བཞིར་ཁྱབ་གྱུར་ཅིག

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།