ཀ་རྩོམ་བླ་མ་དྲན་པའི་གདུང་དབྱངས་ཉམ་ཆུང་བྱེའུའི་གཤོག་སྒྲ།

རྩོམ་པ་པོ།  བོན་ནག་ཚང་ཡེ་ཤེས་བློ་གྲོས།

ཀ་དག་ལྟ་བ་རྟོགས་པའི་དཔལ་ལྡན་གྱི་བླ་མ།།
ཁ་དོན་བཟླས་བརྗོད་མཛད་ལ་ངལ་བ་རང་དབེན་ཞིང་།།
ག་ས་གང་དུ་བཞུགས་ཀྱང་བསྟན་དོན་ལ་འབད་པའི།།
ང་ཡི་བླ་མ་ཐམས་ཅད་མཁྱེན་པ་དེ་དྲན་བྱུང་།།

ཅ་ཅོ་བྲལ་བའི་ཉམས་དགའི་གཟིམ་ཁང་གི་ནང་རོལ།།
ཆ་ལུགས་ལྔ་ལྡན་ངང་ནས་ཏིང་འཛིན་ལ་འབད་ཅིང་།།
ཇ་ཟས་དོར་དེ་བཅུད་ལེན་ཟབ་མོ་ལ་བཞུགས་པའི།།
ཉ་གང་ཟླ་བཞིན་མཛེས་པའི་དཔོན་གསས་དེ་དྲན་བྱུང་།།

ཏ་ལེན་འཁུར་ནས་གྲོང་ཆོག་བྱེད་པ་ལ་མི་མོས།།
ཐ་སྙད་རིག་གནས་ཀུན་ལ་ནང་བྱན་རང་ཆུབ་པས།།
ད་སྐབས་རྒྱལ་སྤྱིའི་སྟེང་ན་མཚན་སྙན་དེ་རྒྱས་པའི།།
ན་གཞོན་ང་ཡིས་སྨྲ་དབང་ཡོངས་འཛིན་མཆོག་དྲན་བྱུང་།།

པ་ཏུའི་ཁྲི་ལ་འགྱིང་བ་མིང་ཙམ་ནི་མ་ཡིན།།
ཕ་རོལ་ཕྱིན་བཅུའི་ཉམས་ལེན་རང་རྒྱུད་དུ་མངའ་བས།།
བ་མཆོག་འོ་མ་ལྟ་བུའི་གདམས་ངག་གི་མཛོད་འཛིན།།
མ་ལས་ལྷག་པའི་མཚུངས་མེད་ཟླ་བྲལ་དེ་དྲན་བྱུང་།།

ཙ་རི་གནས་ཆེན་སོགས་ལ་དག་སྣང་གིས་མཇལ་ཞིང་།།
ཚ་བ་རོང་དང་ཕྱི་གླིང་རྒྱལ་ཁམས་ཀུན་འགྲིམ་ནས།།
ཛ་ཡའི་བསྟན་པ་སྤེལ་བའི་ཐབས་མཁས་ཀྱི་བདག་ཉིད།།
ཝརྟུ་ཡིག་རིགས་ཀུན་མཁས་རྒྱལ་དབང་དེ་དྲན་བྱུང་།།

ཞྭ་གོས་ཁ་དོག་རྩོད་པའི་སྣང་ཚུལ་ལ་མི་སྤྲོ།།
ཟ་འཐུང་ལས་ལ་གཡེང་བའི་རྣམ་བཞག་ལ་མི་དགྱེས།།
འ་མོ་དབྱིངས་རིག་བསྲེས་པའི་ལམ་བཟང་གི་མངའ་བདག།
ཡ་མཚན་རྨད་དུ་བྱུང་བའི་བྱང་སྟོན་དེ་དྲན་བྱུང་།།

ར་གན་མ་ཡིན་རིན་ཆེན་གསེར་དངུལ་ལས་ལྷག་པའི།།
ལ་རྒྱ་ལྡན་ལ་མཐོ་སྒང་མི་རིགས་འདིའི་མགྲིན་ཚབ།།
ཤ་ཉེ་མིན་ཡང་འགྲོ་བ་རིགས་དྲུག་ལ་བརྩེ་བའི།།
ས་ཆེན་བླ་མ་སྐྱབས་མགོན་བོན་བརྒྱ་བ་དྲན་བྱུང་།།

ཧ་ཅང་དྲན་པའི་གདུང་བ་ཚིག་ཕྲེང་ལ་བརྒྱུས་པ།།
ཨ་ཆེན་གངས་འདབས་འདི་ནས་སེམས་ཤུགས་ཀྱིས་གྱེར་ཏེ།།
རེ་བ་རི་འདྲ་ཞིག་གི་རྒྱབ་ལྗོངས་ནས་འགྲེང་སྟེ།།
རིག་འབྱུང་སྨིན་རིའི་གླིང་ནས་མྱ་ངན་ངང་བྲིས་སོ།།

༢༠༡༨:༩:༡༠ ཉིན་བྲིས།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།