བདེར་གཤེགས་བླ་མ་རྗེས་སུ་དྲན་པའི་གདུང་དབྱངས།

རྩོམ་པ་པོ།     བོན་བརྒྱ་དགོན་པའི་མཁན་པོ་ལེགས་ལྡན་རྒྱ་མཚོ།

རང་བཞིན་ཀ་དག་གཉུག་མ་འོད་གསལ་བ།།
རྣམ་པ་ལྷུན་གྲུབ་ངོ་བོ་ལུང་མ་བསྟན།།
ཀུན་ལ་ཁྱབ་མཉམ་རྟོགས་མིན་ཁྱད་ཆེ་བའི།།
བླ་མ་ཀུན་ཏུ་བཟང་པོ་སྙིང་ནས་དྲན།།
འགག་མེད་ལྷུན་གྲུབ་སྒྱུ་འཕྲུལ་རོལ་རྩལ་ལས།།
ཤར་སྟོང་འཛིན་མེད་འཇའ་ཚོན་རི་མོ་ལྟར།།
མཚན་དང་དཔེ་བྱད་དཀྱིལ་འཁོར་རབ་གསལ་བའི།།
བླ་མ་ལོངས་སྤྱོད་རྫོགས་སྐུ་སྙིང་ནས་དྲན།།
སྣ་ཚོགས་གདུལ་བྱ་རྒྱ་མཚོའི་སྣང་ངོ་རུ།།
སོ་སོས་མོས་པའི་མཐུན་སྣང་ཇི་བཞིན་དུ།།
གང་ལ་གང་འདུལ་དེ་ལ་དེ་སྟོན་པའི།།
བླ་མ་སྤྲུལ་བའི་སྐུ་མཆོག་སྙིང་ནས་དྲན།།
བླ་མ་ཁྱེད་ཉིད་དབྱིངས་སུ་གཤེགས་ཤུལ་དུ།།
སློབ་འབངས་བྱེ་བའི་སེམས་ཁོང་སྡུག་གིས་གཟིར།།
དྲན་གདུང་དྲག་པོའི་འོ་དོད་བར་མེད་སྒྲོག།
མིག་ཟུང་མཆི་མའི་ཆུ་རྒྱུན་སྟོབས་ཀྱིས་བབས།།
བླ་མ་ཁྱེད་ཉིད་དབྱིངས་སུ་གཤེགས་ཤུལ་དུ།།
སྔོ་བསང་བུ་མོ་སྐྱོ་བས་གཟིར་དྲགས་པས།།
བཞིན་རས་དྭངས་གསལ་སྤྲིན་གོས་ཀྱིས་བཏུམས་ཏེ།།
ངུ་བའི་མཆི་མའི་ཆར་རྒྱུན་ཉིན་མཚན་བྲལ།།
བླ་མ་ཁྱེད་ཉིད་དབྱིངས་སུ་གཤེགས་ཤུལ་དུ།།
ཞིང་འདིའི་མཛེས་རྒྱན་རྩི་ཤིང་མེ་ཏོག་གི།
མཛེས་སྡུག་བཀྲག་མདངས་གློ་བུར་ཉམས་གྱུར་ཏེ།།
མི་སྡུག་མདོག་ནག་མདངས་ཀྱིས་འདུན་རྟགས་མངོན།།
བླ་མ་ཁྱེད་ཉིད་དབྱིངས་སུ་གཤེགས་ཤུལ་དུ།།
འཛམ་གླིང་གོ་ལ་ཟླུམ་པོའི་གདན་སྟེང་གི།
གྱེན་འགྲེང་རི་ཚོགས་གང་མཐོ་ཐམས་ཅད་ཀྱིས།།
དམའ་སར་གཞོལ་ནས་མྱ་ངན་ལས་ལ་བྲེལ།།
བླ་མ་ཁྱེད་ཉིད་དབྱིངས་སུ་གཤེགས་ཤུལ་དུ།།
གླིང་འདིའི་ཁོར་ཡུག་ཀུན་ཏུ་རྟག་རྒྱུ་བའི།།
ཐུར་གཞོལ་ཆུ་ཀླུང་ཆེ་ཆུང་མ་ལུས་པས།།
མྱ་ངན་སྨྲེ་སྔགས་འོ་དོད་ཆེ་ཆེར་སྒྲོག།
བླ་མ་ཁྱེད་ཉིད་དབྱིངས་སུ་གཤེགས་ཤུལ་དུ།།
ཕྱི་ནང་སྣོད་བཅུད་སྐྱེ་དངོས་ཐམས་ཅད་ཀུན།།
རྒྱུན་ལྡན་མིན་པའི་སྣང་ཚུལ་སྣ་ཚོགས་ཀྱིས།།
མ་བཅོས་རང་ཤུགས་འདུན་ནག་རྟགས་མཚན་མངོན།།
དེ་ལྟར་ཡོངས་ཀྱིས་མྱ་ངན་བྱ་བའི་དོན།།
ཁྱེད་ཉིད་ཀུན་གྱི་སྐྱབས་མགོན་དམ་པ་སྟེ།།
འདི་ཕྱི་བར་དོ་གསུམ་གྱི་རེ་ལྟོས་ཡུལ།།
ཐར་ལམ་འདྲེན་སྟོན་ལགས་པས་མ་ཡིན་ནམ།།
ཁྱེད་ཐུགས་ཡེ་ནས་བོན་སྐུ་བརྙེས་ན་ཡང་།།
ཐུགས་རྗེའི་དབང་གིས་གཞན་དོན་ལ་དགོངས་ཏེ།།
སངས་རྒྱས་མི་གཟུགས་སྤྲུལ་ནས་ད་ལྟའི་བར།།
བསྟན་འགྲོའི་དོན་ཆེན་མཛད་པ་བསམ་མི་ཁྱབ།།
ཁྱད་པར་འཛམ་བུ་གླིང་གི་བྱེ་བྲག་པ།།
བྱང་རྒྱུད་བསྟན་པའི་མེ་རོ་སླར་གསོ་བར།།
མཆོག་སྤྲུལ་ཁྱེད་ཉིད་ལྟ་བུ་བྱོན་མིན་ན།།
ཞིང་འདིའི་བསྟན་འགྲོའི་པད་ཚལ་ཇི་ལྟར་རྒྱས།།
སོ་ཐར་རིགས་བརྒྱད་སྲུང་བ་འདུལ་བའི་སྡེ།།
བསྐྱེད་རྫོགས་ལམ་དུ་བྱེད་པ་སྔགས་ཀྱི་སྡེ།།
དགེ་བཅུར་ཚུལ་བཞིན་སྤྱོད་པ་དགེ་བསྙེན་སྡེ།།
སྡེ་གསུམ་བསྟན་པ་དར་བ་ཁྱེད་ཀྱི་དྲིན།།
མདོར་ན་འཛམ་གླིང་ཡུལ་གྲུ་སོ་སོ་རུ།།
གང་གི་བུ་སློབ་རིགས་གསུམ་གང་རུང་གི།
ས་བོན་བཟང་པོ་མ་འཐོར་གནས་མེད་པས།།
བཀའ་དྲིན་གཞལ་མཐའ་བྲལ་བ་སུས་མི་ཤེས།།
ཐུགས་རྗེ་ཆེ་ཞིང་ཐབས་ལ་མཁས་པ་ཡིས།།
གཤེན་བསྟན་རྒྱལ་མཚན་མཁའ་རུ་བསྒྲེང་མཛད་པ།།
གསང་གསུམ་ཡོན་ཏན་ཀུན་གྱི་གཏེར་མཛོད་ཆེ།།
རིགས་བརྒྱའི་ཁྱབ་བདག་མགོན་པོ་ཁྱེད་མིན་སུ།།
སྐུ་ཡི་འདུལ་བསྟན་རེ་ཞིག་རྫོགས་ན་ཡང་།།
གསུང་དང་ཐུགས་བསྟན་རིམ་གྱིས་འབྱུང་བ་ལ།།
ཆེད་དུ་དགོངས་ནས་གསུང་འབུམ་གྲངས་མེད་ཅིག།
བསྟན་པ་རྗེས་བཞག་མཛད་ལ་ལན་བརྒྱར་བསྟོད།།
ཡིན་ཡང་མགོན་ཁྱེད་མཁྱེན་དགོངས་གཟིགས་གསལ་ལྟར།།
ཤུལ་ལུས་སློབ་འབངས་རྒྱ་མཚོ་དཔག་མེད་ཀྱིས།།
རེ་ལྟོས་དྲན་གདུང་སྨག་རུམ་འཇོམས་པའི་གཉེན།།
ཡང་སྤྲུལ་ཉི་གཞོན་མྱུར་དུ་འཆར་ཤོག་ཀྱེ།།
བདག་སོགས་ཐམས་ཅད་བྱང་ཆུབ་མ་ཐོབ་བར།།
གང་དུ་སྐྱེ་བའི་སྐྱེ་བ་ཐམས་ཅད་དུ།།
སྐྱབས་མཆོག་གང་གི་བརྩེ་ཆེན་ཡེ་ཤེས་ཀྱིས།།
མི་འདོར་རྟག་ཏུ་སྐྱོང་བར་གསོལ་བ་འདེབས།།
ཞེས་ཞིང་གཤེགས་རྗེ་བཙུན་དམ་པ་མཆོག་གི་བུ་སློབ་ལེགས་ལྡན་རྒྱ་མཚོས་མ་བཅོས་སེམས་ཀྱི་སྣང་ངོར་ཤར་ཚུལ་ཇི་བཞིན་དད་གུས་གསོལ་བ་ཕུར་ཚུགས་སུ་འདེབས་བཞིན་སྦྱར་བའོ།།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།