སྒོམ་ཆེན་པ་དང་ཉ་པ་འགའི་གཏམ་རྒྱུད། ༼གཏམ་རྒྱུད༽

སྒོམ་ཆེན་པ་དང་ཉ་པ་འགའི་གཏམ་རྒྱུད།

༄༅། ། སྔོན་ཉ་བ་འགའ་མཚོ་གཅིག་ཡོད་པ་ལ་ཉ་གཅིར༼ཉ་རྒྱས་གཅིར་ནས་འཆི་བའི་དོན་ལ་འཇུག༽་ཕྱིན་པས། ཉ་མ་སོད་པར་རྒྱགས་ཆད་ཡུལ་གྲང་ཤིན་ཏུ་སྡུག་བསྔལ་བ་གཅིག་བྱུང་། དེར་རི་གཅིག་ཡོད་པའི་གསེབ་ན་དགོན་ཆུང་གཅིག་ལ། སྒོམ་ཆེན་སོ་གསོད་པ་གཅིག་ཡོད་པར་མཐོང་ནས། ཁོང་རྣམས་གྲོས་བྱས་པས། དཔོན་པོ་ན་རེ། ཁོང་འདྲ་བའི་སྐྱིད་པ། འོ་ཅག་འདྲ་བའི་སྡུག་པ། དམྱལ་བ་དང་སངས་རྒྱས་འདི་ཀར་འདུག འུ་རང༼རང་རེ་རྣམས་ལ་ཟེར༽ཉ་རྒྱ་དང་ཕྱེ་རྐྱལ་ཕུལ་དགེ་སྦྱོར་ཞུ་ཟེར་བས། དེ་ཀུན་སྡུག་ཆེ་བས་གྲོས་མཐུན་སྟེ་ཁོང་གི་དྲུང་དུ་ཕྱིན་ནས། ཕྱེ་རྐྱལ་དང་ཉ་རྒྱ་ཕུལ་ནས། ངེད་ཅག་ཤིན་ཏུ་སྡུག་པར་བྱུང་ལགས། ཞེན་པ་ལོག་ནས་བོན་ལ་འོང་བ་ལགས་པས། ད་སངས་རྒྱས་པའི་གདམས་ངག་གཅིག་ཞུ་བྱས་པས། སྒོམ་ཆེན་དེ་ཐོས་པ་དེ་ཙམ་མ་བྱས་པས་བློ་ཆུང་བ་གཅིག་ཡོད་པས་བསམ་པ་ལ་གདམས་ངག་བསྟན་དུ་ནི། ཉ་པ་སྡིག་པོ་ཆེ་སངས་རྒྱ་བའི་གདམས་ངག་ང་ལ་མེད། མེད་བྱས་པས་ནི། ང་ལ་འདི་རྣམས་ཀྱིས་འཕྱ་རུ་འོང་བསམ་ནས། ལུང་ལོག་པར་བསྟན་པ་དྲན་ཏེ། སངས་རྒྱས་པའི་གདམས་ངག་བསྟན་ན་ནུས་སམ་བྱས་པས། ནུས་ཟེར་རོ། འོ་ན་ལྔ་བོ་ལག་པ་སྦྲེལ་ལ། མཚོ་འདི་ལ་མཆོངས་ཤིག་བྱས་པས། ཁོང་རྣམས་ཀྱིས་གདམས་ངག་ཡིན་བསམས་ནས་མཆོངས་པས། མོས་གུས་དད་པ་དང་ལྡན་པ་དང་། འཕྲེང་ཆགས་མེད་པས་སངས་རྒྱས་ཏེ་སོང་། དེར་སྒོམ་ཆེན་དེའི་བསམ་པ་ལ། ངས་ནི་གདམས་ངག་མི་ཤེས་པས། ཨ་ཏོ༼ཨ་ཏོ་ནི་ཕལ་ཆེའམ་ཧ་ལམ་གྱི་དོན་ལ་འཇུག༽གཞན་སུ་ལའང་བསྟན་པ་མིན། དེ་ལ་ཉ་པ་ལྔ་བོ་སངས་རྒྱས་ལུགས་ཀྱིས། དེ་བས་ང་སེར་གཟུགས་ཀྱང་ཡིན། རི་འདྲ་ལའང་བསྡད། ཉ་བ་འདྲ་བའི་སྡིག་པ་ཡང་མེད། ང་ཡང་སངས་རྒྱས་ལས་ཆེ་བསམས་ནས་མཚོ་ལ་མཆོང་དུ་ཕྱིན་པས། ཕྱེ་རྐྱལ་དང་ཉ་རྒྱ་ལ་འཕྲེང་སྟེ་ཕྱིར་ལོག་ནས། ཕྱེ་རྐྱལ་དེ་ཕྱིར་བཟློགས་ཏེ་མིག་ཏུ་མ་སོང་བར་བྱས་ནས་མགོ་ལ་གོན། ཉ་རྒྱ་རྐེད་པ་ལ་བཏགས་ནས་མཚོ་ལ་མཆོངས་པས། ལུང་ལོག་པ་བསྟན་པ་དང་ཆགས་ཞེན་དང་བཅས་ནས་ཚེ་འཕོས་པས་ངང་སེར་དུ་སྐྱེས་སྐད།

«བཀའ་ལུང་རྒྱ་མཚོ»ལས།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།