ཞལ་གདམས་གཞན་ཕན་ཉི་འོད།

ཞལ་གདམས་གཞན་ཕན་ཉི་འོད།
དབྲ་སྟོན་པཎྚིཏ།

ཉེས་མང་སྲིད་པའི་མཚོ་ལས་དབུགས་ཕྱུང་ནས། །  རྣམ་གྲོལ་རིན་ཆེན་གླིང་དུ་ཁྲིད་མཛད་པའི། །

ཐར་བའི་དེད་དཔོན་མཚུངས་མེད་དགེ་བའི་བཤེས། །  དྲིན་ཆེན་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །

བདག་ནི་སྙིགས་མའི་དུས་མཐར་འདིར་སྐྱེས་ཀྱང་། །  ཆུང་ངུའི་དུས་ནས་དགེ་བའི་བཤེས་དང་འཕྲད། །

མནོ་བསམ་ཤེས་ནས་ཕྱི་མ་དྲན་པའི་བློས། །  དབེན་པའི་གནས་སུ་བོན་དང་ཅི་མཐུན་བྱས། །

ངོམས་སུ་རུང་བའི་ཉམས་རྟོགས་མེད་ན་ཡང་། །  གཅིག་པུར་ལས་འབྲས་ཡིད་ཆེས་བསྒོམ་བསྒོམ་ནས། །

ཚེ་ཡི་དུས་ཀྱིས་གཏུགས་ཀྱང་ཡིད་འགྱོད་མེད། །  སྔོན་ནས་ལས་ཀྱིས་བསྡུས་པའི་འཁོར་སློབ་རྣམས། །

བདལ་ལ་བསྟེན་ནས་རེ་ཆེན་བྱེད་མོད་ཀྱི། །  ནགས་འདབས་དབེན་པར་ཉལ་བའི་ངང་ཚུལ་འདིས། །

འཇིག་རྟེན་མགུ་བའི་མཁོས་ཀ་མི་འགྲུབ་ངེས། །  འོན་ཀྱང་བཅོས་མའི་བོན་ལ་མི་རེ་བར། །

སྙིང་ནས་ཐར་བ་དོན་དུ་གཉེར་བཞེད་ན། །  རྒྱལ་བའི་བསྟན་པ་གང་ཡིན་ངོ་ཤེས་ནས། །

ཚུལ་བཞིན་སྨྲ་ལ་ཁོ་བོ་མི་དམན་ཙམ། །  དེས་ན་ལེགས་པའི་ལམ་ལ་ཡིད་ཕྱོགས་ཤིང་། །

ངེས་པར་བདལ་ལ་བློ་གཏད་བྱེད་ནུས་ན། །  འཕྲལ་ཕུགས་ཀུན་གྱི་བསླབ་བྱ་འདི་ཡིན་ཞེས། །

སྙིང་གཏམ་འདི་རྣམས་བཤད་ཀྱིས་གསན་པར་ཞུ། །  ཀྱེ་ཀྱེ་འཛམ་གླིང་མི་ལུས་ཐོབ་པ་རྣམས། །

མི་གཟུགས་འདྲ་ཡང་བསམ་ཚུལ་གཏན་མི་འདྲ། །  ད་ལྟར་རང་ལ་འདུན་མ་ཇི་ལྟར་ཡོད། །

བློ་ཆུང་ཕྱལ་བར་སོང་ན་འོང་ལགས་སམ། །  མ་རབས་རྣམས་ནི་འོག་མའི་ཤུལ་དུ་འགྲོ། །

ཡ་རབས་ཕལ་ཆེར་གོང་མའི་རྗེས་སུ་བལྟ། །  བཟང་ངན་ཁྱད་པར་མངོན་སུམ་མཐོང་ལགས་ན། །

ཁ་མིག་གྱེན་བལྟས་བྱས་ན་མི་ལེགས་སམ། །  ཚེ་འདི་བསྒྲུབ་ན་ཕྱི་མར་ལག་སྟོང་འགྲོ། །

ཕྱི་མར་འབད་ན་གནས་སྐབས་ཀུན་ཏུ་སྐྱིད། །  ཅི་ནས་རང་ལ་སེམས་པ་འགའ་མཆིས་ན། །

ཕྱི་མའི་གཏན་ཆུས་བྱེད་པ་མི་འཐད་དམ། །  ཐོག་མེད་དུས་ནས་རང་གིས་མི་བསླུས་ན། །

སུ་སྐྱེས་མདོ་དོན་ཆེ་ཆུང་ད་རེས་ཡིན། །  ཕྱིས་ནས་གར་འགྲོ་བདག་གིས་མི་ཤེས་པས། །

ད་ནི་བློ་ཐག་གཅོད་པའི་དུས་མིན་ནམ། །  ད་རེས་ཅི་བྱེད་རང་དབང་ཡོད་ན་ཡང་། །

སྐྱིད་སྡུག་འདམ་ངོ་རང་གིས་མ་ཟིན་ན། །  ཟ་ཞིང་ཉལ་བའི་བ་གླང་ཇི་བཞིན་དུ། །

མི་ཚེ་སྟོང་ལོག་ཡིན་ནོ་གོ་ལགས་སམ། །  བསམ་ཤེས་མི་ཡིས་འདུན་མ་གང་བསྒྲུབ་ཀྱང་། །

ཐག་ཆོད་བློ་ལ་གཏད་སོ་ཡོད་དགོས་པས། །  རང་བློ་མཐའ་ཐུག་རྐྱེན་དབང་མི་གཏོང་བར། །

སེམས་རྒྱུད་བརྟན་ན་ཕྱི་ཕུག་མཐོ་བ་ཡིན། །  འཕྲལ་ཕུག་བྱ་བཞག་གང་དང་ཅི་བསྒྲུབ་ཀྱང་། །

གོ་ཐོས་མྱོང་བའི་ཤེས་རྒྱ་ཡོད་དགོས་པས། །  རང་གིས་ཅི་དྲན་ཚད་མར་མི་བཟུང་བར། །

ཉམས་ལ་ཕབ་ན་ཡར་སྐྱེད་འོང་བ་ཡིན། །  ལུས་རྟེན་འདི་དང་ཕྱི་མ་གང་ཡིན་ཡང་། །

བསྟན་དང་འཕྲད་ནས་ལམ་བཟང་ཚོལ་དགོས་པས། །  ཆོས་ལུགས་ཀུན་ལ་ཕྱོགས་རིས་མི་བྱེད་པར། །

དག་སྣང་སྦྱོང་ན་རང་ལ་ཕན་པ་ཡིན། །  ཕན་དང་བདེ་བའི་ལམ་ལ་འཇུག་འདོད་ཀྱང་། །

མི་གཞི་བཟང་པོའི་བྱ་བཞག་མི་ལྡན་ན། །  སྐྱིད་འདོད་བྱིས་པ་མཚོན་གྱིས་རྩེ་བ་བཞིན། །

ལེགས་ལམ་འགྲོ་བ་མེད་དོ་གོ་ལགས་སམ། །  གླེན་སྒོམ་མི་བྱ་སློབ་གཉེར་ཤེས་པར་དགོས། །

སངས་རྒྱས་སྒྲུབ་ཐབས་རང་གིས་མི་ཤེས་ན། །  དགེ་སྦྱོར་སྒྲུབ་ཐབས་མེད་དོ་རང་ལ་ལྟོས། །

ཉམ་ཆུང་ནགས་མཐར་ཉལ་བའི་རྣལ་འབྱོར་ལ། །  རྒྱལ་ཁམས་ཁྱབ་པའི་ཁ་རྗེ་མེད་མོད་ཀྱི། །

ཕྱི་མའི་གཏན་གྱི་རྒྱལ་ཁ་ལེན་ཤེས་ན། །  དམའ་སར་ལྷུང་ཡང་གོང་མའི་གདན་ས་ཡིན། །

དབེན་པར་ཆོག་ཤེས་བསྟེན་པའི་གྲྭ་རྐྱང་ལ། །  ལོངས་སྤྱོད་བསགས་པའི་ཕུགས་ནོམ་མེད་མོད་ཀྱི། །

ཚོགས་གཉིས་བང་མཛོད་རང་གིས་བཀང་ཤེས་ན། །  སྤྲང་ཟས་ཟ་ཡང་སྟོན་པའི་མཛད་པ་ཡིན། །

རང་ལ་རེ་ཞིང་ཡིད་རྟོན་བྱེད་པ་ཡི། །  འཁོར་རྣམས་ཀུན་ལ་ཕན་པར་བྱ་བའི་ཕྱིར། །

ཐུན་མོང་དོན་དུ་བདག་གིས་འདིར་བཀོད་པས། །  དེ་དག་ཀུན་གྱིས་ཚུལ་འདིར་གཟིགས་པར་ཞུ། །

གང་གིས་བདག་ལ་མོས་ཤིང་འདུན་པའམ། །  མཐོང་ཐོས་དྲན་རེག་འབྲེལ་བ་ཐོགས་ཚད་ཀུན། །

འདི་ནས་བདག་གི་གདུལ་བྱར་གྱུར་ནས་སུ། །  རླབས་ཆེན་འགྲོ་དོན་དཔག་མེད་འགྲུབ་པར་ཤོག །

ཅེས་པ་འདི་ནི་དད་པ་དང་ལྡན་པའི་ཉེ་གནས་དུ་མས་ནན་ཏན་དུ་བསྐུལ་བས་མཚམས་སྦྱར་ཏེ། རང་གི་གམ་དུ་ཚུལ་ཁྲིམས་དང་ཐོས་བསམ་སྒོམ་པ་དོན་དུ་གཉེར་བའི་གང་ཟག་མཆོག་དམན་ཐམས་ཅད་ལ་འདི་ཕྱི་ཀུན་ཏུ་ཕན་པར་བྱ་བའི་ཆེད་དུ་སྙིགས་དུས་ཀྱི་བོན་སྨྲ་བའི་བཙུན་པ་བྱ་བྲལ་བ་བསྐལ་བཟང་བསྟན་རྒྱལ་གྱིས་དབྲ་ཁྱུང་སཱ་ལའི་སྨན་ལྗོངས་སུ་ཕན་སེམས་བཟང་པོས་ལེགས་པར་སྦྱར་བ་སྟེ་ཀུན་ལ་ཕན་པའི་རྒྱུར་གྱུར་ཅིག །དགེའོ། །

 

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།