རང་གིས་རང་ལ་གྲོས་འདེབས་པ།

རང་གིས་རང་ལ་གྲོས་འདེབས་པ།
བོན་བརྒྱ་གཡུང་དྲུང་ཕུན་ཚོགས།

༄༅། ། ཀ་དག་བརྗོད་བྲལ་ཀུན་བཟང་བླ་མར་འདུད།།
ཁ་སེམས་བདེ་ཞིང་ན་སོ་གཞོན་དུས་འདིར།།
ག་ལེར་མ་འདུག་དགེ་ལ་འབད་དགོས་ཞེས།།
ང་རུ་འཛིན་མཁན་བདག་ལ་གྲོས་ཤིག་འདེབས།།
ཅ་ཅོ་སྤོངས་ལ་དལ་འབྱོར་རྙེད་དཀའ་སེམས།།
ཆ་ལུགས་འགྱུར་ནས་འཆི་བ་འོང་ངེས་པས།།
ཇ་ཆང་ཤ་ལ་རྔམ་ན་ཕྱི་མ་རུ།།
ཉ་མོ་བྱེ་ཚན་ལྟུང་འདྲའི་སྡུག་བསྔལ་ཆེ།།
ཏ་ཐཱ་ག་ཏས་གསུངས་བའི་ལས་རྒྱུ་འབྲས།།
ཐ་ཆུང་ཙམ་ཡང་ཞིབ་མོར་སྤངས་བླངས་རེམས།།
ད་རུང་རིང་བོར་འདུག་སྙམ་བློ་སྣ་བསྟུང༌།།
ན་རྒས་འཆི་བ་གནམ་ལྕགས་ཐོག་རྒོད་འདྲ།།
པ་ཏྲའི་རིས་བཞིན་འཁྱོག་པ་གཡོ་སྒྱུའི་སེམས།།
ཕ་མར་མ་གྱུར་མེད་པས་སུ་ལ་བྱེད།།
བ་གླང་ཚྭ་ཆུར་ངོམས་མེད་སྤྱོད་པ་བཞིན།།
མ་རྒན་འགྲོ་རྣམས་བྱང་ཆུབ་སེམས་ཀྱིས་སྐྱོངས།།
ཙ་རི་གངས་རིར་ལྟོ་གོས་གྱོང་ལ་བསྐུར།།
ཚ་གྲང་ཁྱད་བསད་དགེ་སྒྲུབ་མི་ནུས་ཀྱང༌།།
ཛྭ་ལ་མེ་འདྲ་གཏུམ་མོའི་བསྒོམ་སྤྲོས་བཅས།།
ཝ་ལེར་སྤྲོས་མེད་གཉུག་མའི་དོན་དང་སྦྱོར།།
ཞྭ་གོས་མི་དགོས་རས་རྐྱང་ཐུབ་ན་ཡང༌།།
ཟྭ་ཚོད་ཆོར་མ་ལྟ་བུའི་ང་རྒྱལ་སྤོངས།།
འ་འུར་ཆོས་བརྒྱད་ན་རག་དམྱལ་བའི་རྒྱུ།།
ཡ་མེད་གཅིག་པུར་རང་རྒྱུད་རང་གིས་ཐུལ།།
རྭ་ཅོ་ལྟ་བུའི་ཉོན་མོངས་མ་བཏུལ་ན།།
ལ་ལུང་ཉུལ་ཀྱང་རི་ཁའི་སྤྱང་གུ་བཞིན།།
ཤ་ཚའི་ཚིག་འདི་རང་ལ་རང་གིས་སྨྲས།།
ས་ལམ་ལས་འདས་དུས་གསུམ་རྒྱལ་ཀུན་གྱིས།།
ཨ་དོན་སྙིང་བོ་རྟོགས་པའི་བྱིན་རླབས་སྩོལ།།
ཀ་ནས་ཨ་ཡི་བར་གྱི་གྲོས་འདེབས་གླུ།།
བླངས་པའི་དཔེ་ལྟར་མགོ་ནས་མཇུག་གི་བར།།
ཉམས་ལེན་མཐར་སོན་འཁོར་འདས་བོན་ཀུན་གྱི།།
གནས་ལུགས་རྫོགས་པ་རྟོགས་པའི་བཀྲ་ཤིས་ཤོག །

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།