གཞན་ཕན་སྒྱུ་མའི་མགུར་དབྱངས།

༄༅།།རང་སྐྱོན་ངོས་ཟིན་གྱི་ཚུལ་དུ་སྨྲས་པ་གཞན་ཕན་སྒྱུ་མའི་མགུར་དབྱངས།

རྩོམ་པ་པོ། རྒྱ་འོབ་བསྟན་འཛིན་དབང་རྒྱལ་རིན་པོ་ཆེ། རྩོམ་ཁུངས། ཧི་མ་ལ་ཡའི་བོན།
ཁོང་རིན་པོ་ཆེའི་སྐུ་བོན་དབྱིངས་སུ་གཤེགས་ནས་ཉིན་ཞག་ཞེ་དགུ་འདས་པའི་རྗེས་དྲན་དུ།
bc764f5115d9e6c6c36e1877225236e7

ཀྱེ་ཧོ་རིག་པ་ཀློང་དུ་མངོན་གྱུར་བ།། སྣང་སྟོན་ནམ་མཁའི་མཚན་ཅན་ཉིད།། འབྲལ་མེད་སྤྱི་བོའི་རྒྱན་དུ་བཞུགས།། བྱིན་རླབས་ཉམས་རྟོགས་ཆར་བཞིན་ཕོབས།། བཀའ་དྲིན་གསུམ་དང་ལྡན་པ་ཡི།། མཚུངས་མེད་རྩ་བའི་བླ་མ་རྗེ།། མུ་ལ་མ་ཏི་སྙིང་དབུས་བཞུགས།། བློ་ཁ་བོན་ལ་བསྒྱུར་དུ་གསོལ།། བླུན་རྒན་བསྟན་འཛིན་དབང་རྒྱལ་ངས།། རང་སྐྱོན་རང་ལ་རྔན་དུ་བགྲང་།། དམ་པའི་གསུང་བཞིན་མི་སྒྲུབ་པར།། བླ་མ་བསྟེན་ནོ་ཞེས་པ་རྫུན།། དགེ་སྦྱོར་བག་ཙམ་མི་སྒྲུབ་པར།། དལ་འབྱོར་རྙེད་དཀའ་ཟེར་བ་རྫུན།། འཆི་བ་ཡིད་ལ་མི་དྲན་པར།། མི་རྟག་ཁ་ནས་བཤད་པ་རྫུན།། ཆགས་ཞེན་ཅུང་ཙམ་མི་ཞི་བར།། འཁོར་བའི་ཉེས་དམིགས་ཤེས་པ་རྫུན།། སྡིག་པ་ཅུང་ཙམ་མི་སྤངས་པར།། ལས་འབྲས་ཤེས་སོ་ཟེར་བ་རྫུན།། འགྱོད་པ་སྙིང་ནས་མེད་བཞིན་དུ།། སྟོབས་བཞིའི་བཤགས་སྡོམ་བྱེད་པ་རྫུན།། དད་པ་མོས་གུས་ཡེ་མེད་པར།། ཁ་ནས་སྐྱབས་སུ་མཆི་ཟེར་རྫུན།། གཞན་ཕན་བག་ཙམ་མེད་བཞིན་དུ།། བྱང་ཆུབ་སེམས་མཆོག་བསྐྱེད་ཟེར་རྫུན།། སེར་སྣའི་དྲི་མས་གོས་པ་ཡི།། ཚོགས་བསགས་མཎྜལ་ཕུལ་ཟེར་རྫུན།། མོས་གུས་གདུང་བ་མེད་བཞིན་དུ།། བླ་མའི་རྣལ་འབྱོར་སྒོམ་ཞེས་རྫུན། སྡིག་བཅུ་ཙམ་ཡང་མི་སྤང་བར།། སོ་ཐར་སྡོམ་པ་སྲུང་བ་རྫུན།། ཚིག་རྩུབ་ཙམ་ཡང་མི་བཟོད་པར།། བྱང་སེམས་སྡོམ་པ་སྲུང་ཞེས་རྫུན།། རྩ་བའི་བླ་མའི་དམ་ཚིག་ཙམ།། མ་སྲུང་སྔགས་སྡོམ་སྲུང་ཞེས་རྫུན།། དམ་པ་གསུམ་དང་མ་འབྲེལ་བའི།། དགེ་བས་སངས་རྒྱས་ཐོབ་པ་རྫུན།། གནས་ལུགས་རང་གིས་མ་མཐོང་བར།། གཞན་ལ་གསལ་འདེབས་བྱེད་པ་རྫུན།། ཚིག་གི་སྒྲོ་འདོགས་མ་ཆོད་ཀྱང་།། དོན་གྱི་གནད་རྣམས་ཤེས་ཟེར་རྫུན།། གཅིག་པུར་དབེན་སར་མི་སྒོམ་པར།། ཉམས་རྟོགས་འགའ་རེ་ཤར་ཟེར་རྫུན།། ཐུན་བཞིའི་ཉམས་ལེན་མི་དགོས་པར།། ཁོ་བོ་མཚམས་པ་ཡིན་ཟེར་རྫུན།། བདག་འཛིན་སེར་སྣ་ཇེ་ཆེ་རུ།། སོང་བཞིན་བདག་མེད་རྟོགས་ཞེས་རྫུན།། ཆགས་སྡང་རྨོངས་གསུམ་ཇེ་ཆེ་བཞིན།། ངོ་བོ་སྟོང་བ་ཡིན་ཟེར་རྫུན།། རྒྱུ་རྫས་ནོར་ལ་ཇེ་དགའ་བཞིན།། ང་ནི་རྟོགས་ལྡན་ཡིན་ཞེས་རྫུན།། དགྲ་གདོན་གནད་ལ་དམིགས་བྱས་ནས།། བཟླས་བརྗོད་ཕྱི་མར་ཕན་ཞེས་རྫུན།། བྱ་བྱེད་གཞན་ལས་མང་བཞིན་ཏུ།། བྱ་བ་ཐམས་ཅད་བཏང་ཟེར་རྫུན།། ཁ་འཇམ་ཁོག་ནས་འཁྱོག་བཞིན་དུ།། ཞལ་ནས་ཅི་བྱ་ཟེར་བ་རྫུན།། གཅིག་སོང་རྗེས་ནས་གཤེ་ཞིང་སྨོད།། མཐོང་ཚེ་གྲོགས་མཆེད་ཟེར་བ་རྫུན།། ཁ་དཀར་ཁོག་ནས་བརྣག་བཞིན་དུ།། ང་ནི་དྲང་བོ་ཡིན་ཞེས་རྫུན།། ཁ་མཁས་དོན་ལ་མི་གནས་པར།། ང་ནི་བོན་ལ་མཁས་ཞེས་རྫུན།། ཁྱིམ་ནང་རང་དགར་སྤྱོད་བཞིན་དུ།། སྒོ་སྲུང་མཚམས་ཐོ་བཙུགས་པ་རྫུན།། མཁྱེན་མིག་གནམ་ལ་བསྒྱུར་བཞིན་དུ།། མངོན་ཤེས་མང་པོ་སྨྲ་བ་རྫུན།། བསྐྱེད་རྫོགས་བག་ཙམ་མེད་བཞིན་དུ།། ཕགསཿསྒྲས་གདོན་བགེགས་འདུལ་བ་རྫུན།། ཉམས་མྱོང་རང་ལ་མེད་བཞིན་དུ།། གཞན་ལ་ཡོད་མདོག་བྱེད་པ་རྫུན།། རང་སྐྱོན་རང་གིས་མ་ཤེས་པར།། གཞན་ལ་སྐྱོན་འདོགས་བྱེད་པ་རྫུན།། བདག་འཛིན་འགོང་པོའི་བྱ་མ་རྟ།། རྫུན་རྒན་བསྟན་འཛིན་དབང་རྒྱལ་ངས།། རང་སྐྱོན་རང་ལ་ངེས་པ་ཡིན།། དེ་འདྲ་བྱེད་ན་བརྗོད་མི་ལོང་།། རང་གིས་རང་ལ་སེམས་མི་དགའ།། རང་གིས་རང་ལ་སྐྱུགས་རེ་བྲོ།། རང་གིས་རང་ལ་ཡ་རེ་ང་།། དེ་ལས་ལྡོག་པའི་ཉམས་རྟོགས་ཤིག། མྱུར་དུ་ཤར་ཞིང་སྨིན་གྲོལ་ཐབས།། དམ་པའི་སྐུ་གསུང་ཐུགས་གསུམ་ནས།། དབང་བཞིའི་དངོས་གྲུབ་བྱིན་རླབས་ཕོབས།། སྐལ་དམན་སེམས་ལ་ཞུགས་པར་མཁྱེན།། ཁྱེད་ཀྱི་རྗེས་སུ་འཇུག་པར་ཞུ།། ཁྱེད་ཀྱི་རྗེས་སུ་སློབ་པར་ཞུ།།  །།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།