བླ་མ་ལི་ཤུ་སྟག་རིང་གི་ཞལ་གདམས་བཞུགས་སོ།།

བླ་མ་ལི་ཤུ་སྟག་རིང་གི་ཞལ་གདམས་བཞུགས་སོ།།
བླ་མ་ལི་ཤུ་སྟག་རིང་།

d

༄༅། །ལྟ་སྤྱོད་ཀུན་འདྲེན་བླ་མ་རྗེ་བཙུན་རྣམས་ལ་ཕྱག་འཚལ་ལོ། །བྱ་བྲལ་བསྒྲིབས་མེད་ནམ་མཁའ་ལྟ་བུའི་དོན་རྟོགས་ཀྱང་། །མཛད་སྤྱོད་འདི་ལྟར་བགྱིས་ན་ལེགས་པར་ཁུམ། །ཀྱེེ་དོན་རྟོགས་རྣམ་པ་རྣམས་དགོངས་དང་། །མན་ངག་ངེས་པའི་དོན་སྟོན་བླ་མ་སྤྱི་བོར་ཁུར། །དེས་བསྟན་པའི་མན་ངག་སྙིང་བཞིན་རྟག་ཏུ་ཆོང་། །ལྟ་བ་ཁམ་མ་ཆུང་ལ་སྤྱོད་པ་ཁམ་མ་ཆེ། །བདེར་གཤེགས་དགོངས་དོན་རྟོགས་ཀྱང་མཛད་སྤྱོད་མི་དང་བསྟུན། །དགེ་སྦྱོར་ཚོགས་ལམ་མི་བཀག་ཀུན་དང་མཐུན་པར་སྤྱོད། །རྟགས་ཀྱང་ཤུགས་ལ་འཆར་གྱི་སྙིང་རྗེ་གཏོང་ཕོད་ཆེ། །ཐེག་དགུ་རང་སར་བདེན་གྱི་ཐེག་པའི་ཁ་མ་འཛིན། །དོན་དམ་ལྟ་བ་གཅིག་གི་བོན་ལ་ཕྱོགས་རིས་སྐྱོངས། །རང་རྒྱུད་ཐོས་པས་གྲོལ་གྱི་བོན་ལ་ངང་མ་ཐུང་། །མི་བདེན་དོན་དང་འགལ་ན་བདེར་གཤེགས་བཀའ་ཡང་ཞོག །བདེན་ཞིང་དོན་དང་མཐུན་ན་བྱིས་པའི་ལས་སྤྱོད་སྤོངས། །ཡིད་ཆེས་རང་ལ་ཡོད་ཀྱང་ཀུན་ལ་དྲིས། །རང་ཉམས་ཟབ་མོའི་མི་ལ་མི་སྨྲ་མི་འཆར་ཀུན་ལ་གསང་། །བདག་གིས་གཞན་སྐྱོན་མི་བརྟགས་རང་གི་སྐྱོན་རྣམས་ཐོན། །སེམས་ཅན་མོས་པ་ཐ་དད་མ་སྔ་བསྐུར་མི་བཏབ། །མཁས་ཀྱང་ཕུལ་དུ་གྱུར་གྱི་ང་རྒྱལ་གྱོང་ཁེངས་བསྐྱུར། །བདག་མཐོ་ཆེ་བར་འདོད་ན་གཞན་སྨད་ཟུར་ཟ་སྤོངས། །དོན་མེད་ཉོན་མོངས་སྐྱེ་བའི་ཐེ་ཚོམ་བརྩོད་པ་ཞོག །བོན་རྣམས་སྤྱོད་པར་བཞེད་ན་བདག་རང་བོན་བཞིན་སྤྱོད། །བཤད་པས་གང་ཟག་མི་ཐུལ་རང་ལ་ནང་དུ་ཤོད། །ངེས་ཤེས་ནང་ནས་སྐྱེ་ཡི་རྣལ་འབྱོར་སྒོམ་བསྲན་བསྐྱེད། །ཉམས་ལེན་འདི་རུ་འབྱུང་གི་དམ་ཚིག་ཤིན་ཏུ་འཛེམ། །རྩེ་གཅིག་བསྒོམ་པར་འདོད་ན་གཅིག་པུར་དབེན་སར་སྡོད། །རྟོགས་ན་གང་ཡང་དབེན་ས་ཡིན་གྱི་ཤེས་པ་གར་བདེར་ཞོག །བོན་དང་རྒྱབ་ལག་ཡིན་གྱི་མི་ཆོས་བྱ་བ་ཐོང་། །ཆགས་པ་ངང་གིས་ཆུང་གི་དགེ་བྱེད་རང་ཡུལ་སྤོངས། །ཆགས་སྡང་རང་གྲོལ་ཤེས་ན་གང་དུ་འདུག་ཀྱང་དབེན། །བོན་དང་འགལ་རྐྱེན་ཡིན་གྱི་འདུ་འཛིའི་གཡེང་བ་སྤོངས། །གང་ཡང་བོན་དུ་ཤེས་ན་ཅིར་ཡང་སྤང་རྒྱུ་མེད། །ལྟ་བ་ཁ་རུ་འདོན་ན་རང་ཉིད་འཆལ་བའི་རྒྱུ། །སྤྱོད་པ་མ་བཅོས་རྣལ་མལ་ཞོག་དང་བསྐུར་བ་ཞི། །ཆེ་བཅོས་ང་རྒྱལ་བྱས་ན་རྣལ་འབྱོར་རང་རེ་ཆུང་། །མཁས་བཞེད་བརྩོད་པ་བྱས་ན་དོན་མེད་ཉོན་མོངས་སྐྱེ། །ཟོལ་སོག་གཞའ་ལ་བྱས་ན་རྔམ་དོན་རང་ལ་བྱས། །གཡོ་སྒྱུ་སེམས་ལ་འཆང་ན་ལྷ་དང་མཁའ་འགྲོས་ཁྲེལ། །མ་རྟོགས་རྟོགས་ཚུལ་བསྟན་ན་རྣལ་འབྱོར་རང་གིས་ཁྲེལ། །མི་ཤེས་ཤེས་བརྫུ་བྱས་ན་མཁས་པའི་ཚོགས་ན་ཁྲེལ། །ནོར་ཟས་འདོད་གདུང་ཆེ་ན་རྣལ་འབྱོར་རང་རེ་བཀྲེས། །སྙན་གྲགས་བསོད་ནམས་བཞེད་ན་རྣལ་འབྱོར་བདུད་ཀྱིས་བསླུ། །ཆེ་ཐབས་འདོད་གདུང་ཆེ་ན་རྣལ་འབྱོར་རང་རེ་སྐྱོན། །གཟུང་འཛིན་ཞེན་ཆགས་ཆེ་ན་རྟག་ཏུ་འཁོར་ཏེ་འཆི། །བོན་གྱི་རྩ་བ་ལགས་ཀྱི་རང་སེམས་གཏན་ལ་ཕོབ། ། རྣམ་རྟོག་རྩ་བ་ལགས་ཀྱི་ང་བདག་ཆམ་ལ་ཕོབ། །མྱང་འདས་རྩ་བ་ལགས་ཀྱི་སྐུ་གསུམ་གཏན་ལ་ཕོབ། ། འཁོར་འདས་རྩ་བ་ལགས་ཀྱི་གཟུང་འཛིན་ཞེན་ཆགས་བསྐུར། །བོན་ཉིད་གཞན་ལ་མེད་ཀྱི་རྣམ་རྟོག་རིག་པར་བལྟོས། །རྣམ་རྟོག་མཐོང་རྒྱུ་མེད་ཀྱི་བོན་ཉིད་དེ་ཡིས་མཐོང་། །བདེ་བ་དང་དུ་མ་ལེན་སྡུག་བསྔལ་སྤང་དུ་མེད། །སྡུག་བསྔལ་སྤང་རྒྱུ་མེད་ན་བདེ་བ་དེ་ཀ་ཡིན། །ཚིག་གི་རྩ་བ་མ་གཅོད་སེམས་ཀྱི་རྩ་བ་ཆོད། །སེམས་ཀྱི་རྩ་བ་ཆོད་ན་བོན་གྱི་བདག་པོ་ཡིན། །སངས་རྒྱས་གཞན་ནས་མ་ཚོལ་སེམས་ཀྱི་མཚན་ཉིད་བལྟོས། །སེམས་ཀྱི་མཚན་ཉིད་ཤེས་ན་སངས་རྒྱས་དེ་ཡིས་རྙེད། །སངས་རྒྱས་ཚོལ་བར་འདོད་ན་བཅུད་ལྡན་བླ་མ་དེ་ལ་ཞུས། །ཡིན་མིན་མ་ཡིན་རྟོག་དཔྱོད་རང་ལ་ཐོང་། །ཐེ་ཚོམ་ཟ་ན་རྒྱུད་ལུང་དག་ལ་བལྟོས། །དེ་གསུམ་མཐུན་ན་ཐེ་ཚོམ་མེད་པར་མྱུར་དུ་འགྲུབ། །ཚེ་ལ་ཡིད་བརྟན་མི་ཐུབ་རྣལ་འབྱོར་བརྩོན་འགྲོས་བསྐྱེད། །བརྟགས་ན་སྐད་ཅིག་སྡོད་དབང་མེད་ཀྱི་ཉམས་ལེན་མྱུར་དུ་མཛོད། །སེམས་ལ་བྱ་བཙལ་མེད་ཀྱི་རྟོགས་པའི་ངང་ལ་ཞོག །གཞན་ཡང་དོན་རྟོགས་རྣལ་འབྱོར་རྣམས། །རང་བར་མཛོད་ལ་དལ་བ་ཡོད། །མང་དུ་ཉོན་ལ་ཉུང་དུ་བསྡུས། །ཕྱེད་པར་ཕྱེ་ལ་འདྲེས་པར་བསྲེས། །རྩང་བར་གོ་ཡང་ཞིབ་ཏུ་སྤྱོད། །ཡང་བར་གོ་ཡང་ཞིབ་ཏུ་བསྲུང་། །ཆེན་པོ་རྟོགས་ཀྱང་ཆུང་ལ་འཛེམ། །འཇིག་རྟེན་པ་ཡིས་སྒྲོ་བསྐུར་དང་། །ཡ་ཀ་ཁ་ན་མ་ཐོ་བ། །ཕྲ་མོ་རྣམས་ལ་དགེ་བྱེད་འཛེམ། །གཉིད་དང་ཆང་དང་འདོད་ཆགས་གསུམ། །འདི་གསུམ་དགེ་བྱེད་དུག་ཡིན་གྱི། །འདི་ལ་ཧ་ཅང་དད་མ་ཆེ། །ཡུལ་ངན་གྲོགས་ངན་སློབ་ངན་གསུམ། །འདི་གསུམ་བོན་གྱི་འགལ་རྐྱེན་ཡིན། །སྤང་དུ་འདོད་ན་ཐབས་ཀྱིས་སྤོང་ས། །གྲགས་པ་སྙན་པ་བསོད་ནམས་གསུམ། །འདི་གསུམ་བོན་གྱི་འགལ་རྐྱེན་ཡིན། །འདི་ལ་ཧ་ཅང་དད་མ་ཆེ། །གཉེན་དང་རང་ཡུལ་ཟས་ནོར་གསུམ། །འདི་གསུམ་དགེ་བྱེད་བདུད་ཡིན་པས། །འདི་ལ་ཧ་ཅང་དད་མ་ཆེ། །བོན་དང་མཐུན་པར་མཛད་པ་ན། །ཉོན་མོངས་ཕྱི་ཡི་དགྲ་རྐུན་ཆོམ། །གཡོ་སྒྱུ་ནང་གི་ཁོང་སྲིན་ཐོན། །སྡུག་བསྔལ་རྐྱེན་ལ་ངང་མ་ཐུང་། །འཁོར་བའི་དོན་ལ་ངང་མ་རིང་། །མི་ཆོས་ནང་དུ་རང་ཕམ་ལོངས། །བོན་གྱི་ནང་དུ་ཟོལ་མ་ཞུག །མཆེད་ལྕམ་ནང་དུ་སྤྱང་མ་འདོད། །ཉོན་མོངས་འདམ་ལ་ཟུག་མ་རྣོ། །བདེར་གཤེགས་བཀའ་ལ་འཛིན་མ་ཆུང་། །འཁྲུལ་བའི་བློ་ལ་བློ་མ་ཞེན། །རང་དོན་བོན་ལ་གལ་མ་ཆུང་། །འཇིག་རྟེན་བོན་ལ་གལ་མ་ཆེ། ། འཁྲུལ་སྣང་ཡུལ་དུ་ཡུན་མ་རིང་། །རྟོགས་པའི་ངང་ལ་ཡུན་མ་ཐུང་། །ཉམས་རྟོགས་གདིང་དང་མ་ལྡན་ན། །དུག་ལྔ་རང་གྲོལ་ཡོངས་མི་མཆི། །སྐྱེ་འཆི་གཉིས་ལ་ཡུན་རིང་ན། །ངན་སོང་གསུམ་ལ་མཇལ་ཏེ་མཆི། །དགེ་སྒོར་ཞུགས་པ་མང་ལགས་ཏེ། །དད་པ་གཏིང་ནས་མ་སྐྱེས་ཤིང་། །སྐྱེ་འཆི་གཉིས་ཀྱིས་མི་འཇིགས་པར། །འཁོར་བའི་བོན་ལ་མི་བྱོལ་ཏེ། །འཆི་བ་ཡང་ཡང་མི་དྲན་ན། །དགེ་བྱེད་ཟེར་བ་རྫུན་མ་ཡིན། །སློབ་གཉེར་རེམ་ཡང་བསོད་ནམས་འདོད། །བསྒྲུབ་པ་རེམ་ཡང་རྐྱེན་གྱིས་བདས། །དགེ་རྩ་རེམ་ཡང་ཁེངས་གྲགས་ཡིན། །བོན་བཤད་མཁས་ཀྱང་ཁ་གཏམ་ཡིན། །དགེ་སྦྱོར་རེམ་ཡང་ཚུལ་འཆོས་ཡིན། །དེ་བས་བོན་ལ་དད་པ་གཅེས། །བདུད་ཀྱིས་བླུས་པའི་གང་ཟག་གཅིག །སྙན་གྲགས་བསོད་ནམས་འདོད་པའི་ཕྱིར། །ལུས་ངག་དགེ་སྦྱོར་འབད་ནས་བྱེད། །ཁེངས་པ་གཡོ་སྒྱུ་སྐྱོན་གྱིས་གང་། །ཉོན་མོངས་དུག་ལྔ་རང་ཁར་སྤྱོད། །དེ་ཡི་བོན་དེ་དེ་ན་མེད། །གང་ཞིག་སྐྱེས་བུ་སྐལ་ལྡན་གཅིག །ཀུན་ལས་འཕགས་པའི་རྟོགས་པ་ལས། །ཀུན་ལ་མཐུན་པའི་སྤྱོད་པ་སྤྱོད། །ཕྱི་ནང་ཕྱོགས་རིས་ཞེན་ཆགས་ཆུང་། །ཕྱི་ནང་དོན་དང་འདུ་འབྲལ་མེད། །ཐད་ཀར་ཉོན་མོངས་རྣམ་རྟོག་འཇོམས། །སེམས་ཅན་ལུས་ལ་བདེར་གཤེགས་ཐུགས། །དེ་འདྲའི་སྐྱེས་བུ་ཤིན་ཏུ་དཀོན། །ལྟ་བ་ཟབ་མོ་ཐུགས་ལ་འཆང་། །སྤྱོད་པ་ཀུན་དང་མཐུན་ཤེས་ན། །ཡང་དག་སྐྱེས་བུའི་མཆོག་ཡིན་པས། །དེ་ཕྱིར་ལྟ་སྤྱོད་འགྲིག་པར་སྤྱོད། །བདག་འདྲ་ལི་ཤུ་སྟག་རིང་གིས། །མཆེད་ལྕམ་སྤྱོད་པ་རྩང་བ་ལ། །ཁ་ཆེམས་ཡིག་ཆུང་མདོ་རྩ་བྲིས། །མཁས་པ་རྣམས་ལ་བཟོད་པར་གསོལ། །རྨོངས་པ་རྣམས་ལ་སྨིན་པར་ཤོག ། དགེའོ། ། བཀྲ་ཤིས་སོ། །

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།