རེབ་གོང་བོན་བརྒྱ་དགོན་གྱི་མཉམ་མེད་དུས་ཆེན།

གངས་ཅན་འགྲོ་བའི་མགོན་པོ་རྒྱལ་བ་མཉམ་མེད་ཆེན་པོ་མཆོག་སྤྱི་ལོ༡༣༥༦ལོའི་ཆོ་འཕྲུལ་ཟླ་བ་དང་པོའི་ཚེས་ལྔ་ཉིན་སྐུ་བལྟམས་ནས་མི་ལོ༦༦༤འཁོར་བའི་འཁྲུངས་མཆོད་དུས་ཆེན་ཡིན་ལ། ཧོར་ཟླ་དང་པོའི་ཚེས་གསུམ་ཉིན་གྱི་སྔ་དྲོའི་ཆར་མདོ་སྨད་བོན་གྱི་འདུས་སྡེ་ཆེན་མོ་བོན་བརྒྱ་དགོན་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་གི་དབུ་མཛད་གསར་བ་ཁྲིར་བཞེངས་མཛད་པ་དང་། ཚེས་ལྔ་ཉིན་དད་ལྡན་རྣམས་རྩ་བའི་བླ་མ་བོན་བརྒྱ་རིན་པོ་ཆེ་མཆོག་གི་སྐུ་གདུང་ལ་འཇལ་བ་དང་སེར་ཕྲེང་དང་རྗེ་རྒྱལ་བ་མཉམ་མེད་ཆེན་པོའི་གོས་སྐུ་ཞལ་ཕྱེས་པ་ཏེ་བླ་མ་སྐྱང་སྤྲུལ་རྒྱལ་བའི་དབང་པོ་ནམ་མཁའ་བསྟན་འཛིན་རིན་པོ་ཆེ་མཆོག་དབུ་བཞུགས་སྤྲུལ་སྐུ་དཔལ་ཆེན་དང་སྤྲུལ་སྐུ་འཇིག་མེད་བློ་གྲོས་བླ་མ་གྲྭ་ཚང་ཡོངས་ཀྱིས་མཉམ་མེད་ཆེན་པོའི་གོས་སྐུ་མདུན་ནས་སྨོན་ལམ་གསུང་པ་དང་མཆོད་པ་ཕུལ། བོན་བརྒྱ་དགོན་གྱི་ལྔ་རིག་གཞུང་ཆེན་སློབ་གླིང་གི་སློབ་མ་རྣམས་ནས་མདོ་སྔགས་རྫོགས་གསུམ་གྱི་གཞུང་ལུགས་རྣམས་ལ་འཆད་རྩོད་བྱས་ཏེ་མཐར་བཀྲ་ཤིས་འཁོར་གསུམ་བསྐོར་ཏེ་དེ་རིང་གི་སྨོན་ལམ་ཆེན་མོའི་མཇུག་རྫོགས།

རྩོམ་སྒྲིག་པ། རེབ་སྐྱིད་ཡར་འཕེལ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།