རེབ་གོང་བོན་མང་གི་དཔྱིད་ཀྱི་སྒྲུབ་མཆོད་ཆེན་མོ་སྤྱི་རྟིང་རྒྱ་མཚོ་དཔལ་ཐེག་ཆེན་བོན་འཁོར་ལྷུན་གྲུབ་གླིང་དུ་འཚོགས་པ།

༄༅། །དེ་ཡང་རེབ་གོང་བོན་མང་ཕུར་ཐོགས་སྟོང་དང་དགུ་བརྒྱའི་རིག་འཛིན་འདུས་མང་གི་དཔྱིད་ཆོས་ཆེན་མོ་རེབ་གོང་སྟོད་ཀྱི་ཆར་གཏོགས་སྐྱིད་སྟོན་འཁོར་ལོའི་གདན་ས་ཆེན་མོ་སྤྱི་རྒྱ་མཚོ་དཔལ་གྱི་ཨརྒ་སྟེང་ཐེག་ཆེན་བོན་འཁོར་ལྷུན་གྲུབ་གླིང་དུ་འཚོགས་པ་དང་།

དེ་ཡང་ཉིན་དང་པོར་གང་གི་ཐུགས་སྲས་དམ་པ་དཔལ་སྐྱང་སྤྲུལ་རྒྱལ་བའི་དབང་བོ་མཆོག་སྤྲུལ་ནམ་མཁའ་བསྟན་འཛིན་རིན་པོ་ཆེ་དབུ་བཞུགས་ཐོག་ཚེ་དབང་བོད་ཡུལ་མའི་དཀྱིལ་འཁོར་གྱི་ཞལ་ཕྱེས་ཏེ་སྦྱོར་དངོས་རྗེས་གསུམ་ཚང་བའི་སྒོ་ནས་ཚོགས་འཁོར་རྒྱ་ཆེན་བསྐོར་བ་དང་།

ཉིན་དེར་རེབ་གོང་བོན་མང་གི་བྱིངས་འདྲེན་ཆེན་མོ་མཁའ་བྱམས་རྒྱལ་ལགས་ནས་རིག་འཛིན་འདུས་མང་ཡོངས་ལ་མཆོད་པའི་ཚོགས་བསགས་རྒྱ་ཆེར་ཕུལ་བ་དང་། སྐྱང་སྤྲུལ་རྒྱལ་བའི་དབང་པོ་ནམ་མཁའ་བསྟན་འཛིན་རིན་པོ་ཆེ་མཆོག་ནས་ཐེག་ཆེན་བོན་འཁོར་ལྷུན་གྲུབ་གླིང་གི་བརྩན་ཁང་ལ་བཀྲ་ཤིས་རབ་གནས་མཛད།

ཕྱི་དྲོར་བོན་མང་ཕུར་ཐོགས་སྟོང་དང་དགུ་བརྒྱའི་འདུས་པ་ཡོངས་བྱིངས་འདྲེན་ཆེན་མོ་མཁའ་བྱམས་རྒྱལ་གྱིས་རང་ཁྱིམ་དུ་གདན་དྲངས་ནས་ཚོགས་བསགས་བསྙེན་བཀུར་གྱི་མཆོད་པའི་སྤྲིན་ཕུང་ཟད་མེད་སྤུངས་ཡོད་པ་དང་རིག་འཛིན་འདུས་པ་ཡོངས་ནས་ཐུགས་ཡིད་སྤྲོ་བའི་ངང་ནས་དགོང་ཟས་བཞེས་པ་དང་།

ཉིན་གཉིས་པར་རེབ་གོང་བོན་མང་ཕུར་ཐོགས་སྟོང་དང་དགུ་བརྒྱའི་དགེ་བསྐོས་ཆེན་མོ་ཚེ་དབང་རིག་འཛིན་ནས་གཏོང་ཕོད་ཀྱི་ཕྱག་ཟུང་ཡངས་པོར་ཕྱེས་ཏེ་ཚོགས་མང་ཡོངས་ལ་བསོད་ནམས་ཀྱི་ཚོགས་བསགས་པའི་ཞིང་སར་དམིགས་ཏེ་བསོད་ནམས་ཀྱི་མཆོད་པ་རྒྱ་ཆེན་སྤུངས་པ་དང་།

རིག་འཛིན་འདུས་མང་ཕུར་ཐོགས་སྟོང་དང་དགུ་བརྒྱའི་བཅའ་ཡིག་ཆེན་མོའི་ཞལ་ཕྱེས་ཏེ་བོན་ཁྲིམས་དར་གྱི་མདུད་པའི་སྒྲིག་ཁྲིམས་ཡངས་པོར་སྒྲོགས་ཤིང་། ཚོགས་ལམ་ཐོས་པ་དྭངས་སྐྱེད་སྨྲ་ལྕེ་དག་གསུམ་གྱི་སྒོ་ནས་གདངས་སུ་གྱེར་བ་དང་། དགོང་ཁར་གསལ་དག་བརྟན་གསུམ་གྱི་བསྐྱེད་རྫོགས་མངའ་བརྙེས་པའི་རིག་འཛིན་འདུས་མང་ཡོངས་རང་ཁྱིམ་དུ་གདན་ཞུ་བྱས་ཏེ།

སྐུ་ཡོན་དང་དགོང་བཞེས་ཕུལ་བ་དང་རིག་འཛིན་འདུས་མང་ཡོངས་ནས་ཀྱང་བཀྲ་ཤིས་པའི་རབ་གནས་དང་གཞི་བརྟན་པའི་བསྐང་གསོལ་ཚེ་སྒྲུབ་གཡང་འབོད་སོགས་བྱས་པ་དང་། བོན་མང་འདུས་པའི་སྒྲུབ་གཤེན་རྒན་པ་རྣམས་དགེ་སྐོས་ཆེན་མོ་ཚང་གི་འགྲུལ་ཁང་ནས་རྒན་ཚོགས་ཀྱི་འདུ་ཚོགས་འཚོགས་པ་དང་།

ཚོགས་འདུའི་ནང་དོན་གཙོ་བོ་ནི་བོན་མང་གི་མ་འོངས་པའི་ན་གཞོན་རྣམས་ཀྱིས་བསླབ་པ་སློབ་གཉེར་གྱི་ཐད་ལ་ཅི་ལྟར་ཤུགས་རྒྱག་དགོས་ཚུལ་དང་རྒྱབ་སྐྱོར་བྱེད་དགོས་པ་སོགས་ཀྱི་སྐོར་ལ་བགྲོ་གླེང་གནང་ནས་ཉིན་གཉིས་པའི་མཛད་རིམ་མཇུག་བསྡུས་པའོ།།

ཉིན་གསུམ་པར་སྔ་དྲོའི་ཉི་ཤར་གྱི་རྩེ་མོ། རྟེན་འབྲེལ་གྱི་ཐོག་མ་ལ་བོན་མང་ཕུར་ཐོགས་སྟོང་དང་དགུ་བརྒྱའི་གྲུབ་ཐོབ་རྣམ་པ་གསུམ་གྱི་གདན་ས་ཆེན་མོ་ཐེག་ཆེན་བོན་འཁོར་ལྷུན་གྲུབ་གླིང་གི་ཁྲི་བ་ཆེན་མོ་སྐལ་བཟང་ཚེ་རིང་དང་དོན་འགྲུབ་ཚེ་རིང་གཉིས་གསས་ཁང་དུ་ཕེབས་པ་དང་།

དགེ་བའི་ཚོགས་བསགས་ཀྱི་ལས་ལ་སེར་སྣའི་མདུད་རྒྱ་གྲོལ་ཏེ་བླ་མ་དཀོན་མཆོག་དང་རིག་འཛིན་འདུས་པ་རྒྱ་མཚོ་སོགས་ལ་མཆོད་པ་རྒྱ་ཆེན་པོ་ཕུལ་བ་དང་། རིག་འཛིན་འདུས་པ་ཡོངས་ནས་ཡི་དམ་དབང་ཆེན་འབུམ་པའི་ལས་མཐའ་དང་བཅས་སེར་ཕྲེང་སྲུང་མ་མ་བདུད་བཙན་གསུམ་དང་། སྟག་རི་རོང་སྐྱེས་བུ་རྒྱལ་བོ་གནམ་ལྷ་དཀར་པོ་སོགས་ཀྱི་གར་འཆམ་དང་།

བསྲུང་བཟློག་ལྷ་རྒྱལ་དང་བཅས་ཡི་དམ་དབང་ཆེན་འབུམ་པའི་གཞུང་ལུགས་ཀྱི་ཆོ་གའི་མཇུག་བསྡུས་པ་ཡིན་ལ།

དགོང་མོར་ཁྲི་བ་ཆེན་མོ་རྣམ་པ་གཉིས་ཀྱིས་རིག་འཛིན་འདུས་པ་རྒྱ་མཚོ་རང་ཁྱིམ་དུ་གདན་དྲངས་ནས་སྐུ་འགྱེད་དང་བཞེས་བ་ཕུལ་བ་དང་། རིག་འཛིན་འདུས་པའི་ཚོགས་རྣམས་ཀྱིས་གཞི་བརྟན་པའི་བཀྲ་ཤིས་རབ་གནས་མཛད།

བོན་མང་འདུས་པ་རྒྱ་མཚོའི་དགེ་བསྐོས་ཆེན་མོ་ཀུན་ཏེ་མཆོག་ནས་ཁྲི་བ་རྣམ་པ་གཉིས་ལ་བཀའ་དྲིན་དང་ལེགས་སོའི་བཀྲ་ཤིས་ཁ་གཡང་སྒྲོགས་ནས་ཉིན་གསུམ་པའི་མཛད་རིམ་མཇུག་བསྡུས་པ་ཡིན།

ཉིན་བཞི་བ་ནི་རེབ་གོང་བོན་མང་འདུས་པ་རྒྱ་མཚོའི་སྒྲུབ་ཆེན་དང་སྒྲུབ་ཆུང་གང་ཡིན་ཡང་བཀྲ་ཤིས་པའི་ཉི་མ་ཁྱད་པར་ཞིག་ཏུ་བརྩི་བཞིན་ཡོད་ལ་ཉིན་འདིའི་མིང་ལ་བཀྲ་ཤིས་གཡང་ཇའི་ཉིན་མོ་ཟེར།

ཞོགས་པའི་ཉི་ཟེར་ཤར་རིའི་རྩེ་ནས་འཆར་དུས་བོན་གཤེན་རྣམས་གསས་ཁང་དུ་འཚོགས་པ་དང་དད་ལྡན་སྦྱིན་པའི་བདག་པོ་རྣམས་ཀྱིས་བཀྲ་ཤིས་པའི་འོ་ཇ་དཀར་པོ་དྲངས་ཏེ་རིག་འཛིན་འདུས་པ་ཡོངས་ཀྱིས་བཀྲ་ཤིས་གཡང་ཇ་བཞེས་པ་དང་། ཐེངས་རྗེས་མའི་སྒྲུབ་མཆོད་ཀྱི་དང་བླངས་ཁྲི་བ་ཆེན་མོ་གླིང་བརྒྱའི་བོན་ཚང་མའི་སྔགས་འཆང་མཁའ་བྷ་དང་སྔགས་འཆང་གནམ་ལྷ་ཚེ་རིང་རྣམ་པ་གཉིས་ལ་ཁ་བཏགས་བཏང་བ་དང་ལྷན་གསས་ཁང་ཆེན་མོར་བཀྲ་ཤིས་རབ་གནས་དང་གཡང་འབོད་བསྟན་དར་སྨོན་ལམ་སོགས་གསུངས་རྗེས།

བོན་གཤེན་རྣམས་ཕྱིར་རང་ཡུལ་དུ་ལོག་པའི་ལམ་ལ་ཆས་པ་དང་བཅས་རེབ་གོང་བོན་མང་ཕུར་ཐོགས་སྟོང་དང་དགུ་བརྒྱའི་དཔྱིད་ཆོས་ཆེན་མོ་ཡོངས་སུ་བཀྲ་ཤིས་པའི་ངང་མཇུག་བསྡུས་པའི་གནས་ཚུལ་རགས་བསྡུས་ཙམ་དུ་སྤེལ་བའོ།།

ཞེས་རྩོམ་སྒྲིག་པ་རེབ་སྐྱིད་ཡར་འཕེལ་ནས།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།