དཔལ་སྐྱང་སྤྲུལ་རིན་པོ་ཆེས་བཀའ་ལུང་གནང་བའི་གནས་ཚུལ་རགས་བསྡུས།

དཔལ་སྐྱང་སྤྲུལ་རིན་པོ་ཆེས་བཀའ་ལུང་གནང་བའི་གནས་ཚུལ་རགས་བསྡུས།

༄༅། །ཧོར་ཟླ་དང་པོའི་ཚེས་བཅུ་བཞི་ནི་སྙིགས་དུས་ཀྱི་འདྲེན་པ་ཆེན་པོ་དཔལ་ལྡན་རྩ་བའི་བླ་མ་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་རིན་པོ་ཆེ་གང་ཉིད་གདུལ་བྱ་སེམས་ཅན་འདུལ་བའི་སླད་དུ་འཇིག་རྟེན་མི་ཡུལ་འདིར་བྱོན་པའི་དུས་ཚེས་ཁྱད་པར་ཅན་ཡིན་པར་དམིགས་ནས། 2019ལོའི་ ཧོར་ཟླ་དང་པོའི་ཚེས་བཅུ་བཞིའི་ཉིན་མགོན་པོ་གང་གི་གདུལ་བྱའི་འཁོར་དུ་གྱུར་བའི་སྐལ་བ་ཅན་གླིང་བརྒྱའི་བོན་ཚང་མའི་བོན་གཤེན་རྣམས་ཀྱིས་དཔལ་སྐྱང་སྟོན་རྒྱལ་བའི་དབང་པོ་ནམ་མཁའ་བསྟན་འཛིན་རིན་པོ་ཆེ་མཆོག་གསས་ཁང་མདོ་སྔགས་ཕུན་ཚོགས་དར་རྒྱས་གླིང་དུ་གདན་འདྲེན་གནང་སྟེ། ཕྱོགས་སོ་སོ་ནས་ཕེབས་པའི་དད་ལྡན་ཕོ་མོ་ལྔ་བརྒྱ་ལྷག་ཙམ་ལ་བྱམས་མ་དང་མཛད་བཅུ། མཚན་བཅུ། ཤེས་རབ་སྨྲ་སེང་། སྨན་ལྷ་བསྡུས་པ། སྔོན་འགྲོ་ཁྲིད་ཡིག་དམར་མོའི་མཛུབ་ཚིགས། སྙིང་པོ་རྣམ་གསུམ། ཚེ་དབང་བོད་ཡུལ་མའི་གཞུང་། ཚེ་དབང་སྨོན་ལམ། བསྟན་དར་སྨོན་ལམ་སོགས་ཀྱི་ལུང་རྒྱས་པར་གནང་བར་མ་ཟད། རྒན་དར་གཞོན་གསུམ་སོ་སོར་གང་ལ་གང་འཚམ་གྱི་བཀའ་གསུང་དྲི་མ་མེད་པ་སྟེ། རྗེ་བླ་མའི་དགོངས་རྫོགས་ཀྱི་སྐབས་འདིར་མུ་མཐུད་དུ་དཀར་པོ་དགེ་བའི་ལས་ལ་བརྩོན་པ་ལྷུར་ལེན་དང་མི་དགེ་སྡིག་པའི་ལས་ལ་འཛེམ་གང་ཐུབ་ཀྱིས་ཚོགས་བསགས་དགེ་སྒྲུབ་གནང་རྒྱུ་དང་། དགེ་བསྙེན་མ་རྣམས་ཀྱིས་ཀྱང་སྨྱུང་གནས་ཀྱི་རྒྱུན་ལེགས་པར་འཛིན་རྒྱུ་དང་ཚེ་དབང་བོད་ཡུལ་མའི་ཚོགས་འཁོར་བསྐོར་བའི་རྒྱུན་ལེགས་པར་བསྐྱང་རྒྱུ་ཤིན་ཏུ་གལ་ཆེ་བ། སློབ་གྲྭར་མ་སོང་བའི་ན་གཞོན་རྣམས་ཀྱིས་ཀྱང་ཕ་མེས་གོང་མ་རྣམས་ལ་ཁ་མིག་ཡར་བལྟ་བགྱིས་ཏེ་དཔེ་ཆར་སྦྱང་བ་ཡང་དག་གནང་རྒྱུ། ཁྱད་པར་དུ་གཞོན་སྐྱེས་སློབ་གྲྭ་བ་རྣམས་ཀྱིས་རང་རང་གི་ཕ་མའི་བཀའ་དྲིན་ཡིད་ལ་བསམ་སྟེ་སྐབས་བབས་ཀྱི་སློབ་གཉེར་ལ་བརྩོན་པ་གང་ལེགས་གནང་སྟེ་རང་གཞན་ཀུན་ལ་ཕན་པའི་མི་གོ་ཆོད་ཅིག་ཏུ་འགྱུར་བར་བྱ་དགོས་པའི་སློབ་གསོ་གནད་འཁེལ་གནང་བ་དང་བཅས་མཇུག་ལེགས་པར་གྲུབ་པའི་གནས་ཚུལ་རགས་བསྡུས་ཙམ་མོ།།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།