སྤྱི་རྟིང་ཀུན་ཁྱབ་དགོན་དུ་རྩ་བའི་བླ་མ་བོན་བརྒྱ་རིན་པོ་ཆེར་གདུང་མཆོད་ཕུལ་བ།

སྤྱི་རྟིང་བཀྲ་ཤིས་ཀུན་ཁྱབ་གཡུང་དྲུང་གླིང་དུ་སྐྱབས་མགོན་ཆེན་པོ་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་རིན་པོ་ཆེ་མཆོག་གི་གདུང་མཆོད་ལ་ཚེ་དབང་བོད་ཡུལ་མའི་ཚོགས་འཁོར་བསྐོར་བ།

ཡོངས་གྲགས་སུ་ཀུན་ཁྱབ་དགོན་ནམ“བཀྲ་ཤིས་ཀུན་ཁྱབ་གཡུང་དྲུང་གླིང”ཞེས་པ་འདི་ནས་སྔོན་བྱོན་མཁས་པ་དམ་པ་སྐྱང་སྤྲུལ་རྒྱལ་བའི་དབང་པོ་དང་རྩེ་ཞིག་ཆོས་རྗེ་རྒྱལ་བ་ཚུལ་ཁྲིམས། བོན་བརྒྱ་གཡུང་དྲུང་ཕུན་ཚོགས། མཁར་ནག་ཚང་དང་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་སོགས་བླ་མ་དམ་པ་རྣམས་ཀྱིས་སློབ་བུ་མང་དུ་བསྐྱངས་ཏེ་རིག་འཛིན་སྔགས་འཆང་གི་སྡེ་འདི་གྲུབ་ཐོབ་རྣམ་གསུམ་གྱི་ཐུགས་སྨོན་དང་རྟེན་འབྲེལ་བཞིན་སྔགས་འཆང་སྟོང་ཕྲག་ལྷག་ལ་འཕེལ་རྒྱས་སུ་བཏང་ཡོད་པ་དང་།

བླ་མ་རྣམ་པ་དག་གི་ཕྱག་རྒྱུན་བཞིན་ལོ་རེའི་ལོ་སར་ཚེས་ཉེར་གསུམ་ཉིན་བཀྲ་ཤིས་ཀུན་ཁྱབ་གཡུང་དྲུང་གླིང་ནས་སྤྱི་རྟིང་ཁ་གསུམ་གྱི་བོན་གཤེན་རྣམས་འཚོགས་ཏེ་བླ་མ་ཚེ་དབང་རིག་འཛིན་གྱི་གཞུང་བསྲིངས་ནས་ཚོགས་འཁོར་བསྐོར་བ་ཡིན་པས།  དུས་ད་ལྟའི་བར་ཕྱག་ལེན་གྱི་རྒྱུན་མ་ཉམས་པར་འཚོགས་བཞིན་ཡོད་ལ།

ད་ལོ་ནི་འཛམ་གླིང་རིག་པའི་དེད་དཔོན་ཆེན་པོ་གཡུང་དྲུང་བོན་གྱི་བསྟན་པའི་བ་དན་སྲིད་པའི་མཁའ་རུ་སྒྲེང་མཁན་བྱང་ཁའི་ཡུལ་གྱི་སྐྱབས་མགོན་ཆེན་པོ་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་རིན་པོ་ཆེ་མཆོག་དགོངས་པ་བོན་དབྱིངས་སུ་གཤེགས་པས། དད་ལྡན་སློབ་འབངས་ཡོངས་ཀྱིས་ཚོགས་བསགས་དགེ་སྒྲུབ་ཀྱི་ལས་ལ་འབད་བཞིན་པའི་ལོ་ཞིག་ཡིན་པས་ན།

ཁོང་གི་ཐུགས་སྲས་དམ་པ་དཔལ་སྐྱང་སྤྲུལ་རྒྱལ་བའི་དབང་བོ་ནམ་མཁའ་བསྟན་འཛིན་རིན་པོ་མཆོག་གི་ཐུགས་བཀོད་བཞིན། སྐྱབས་རྗེ་བླ་མ་བོན་བརྒྱ་རིན་ཆེའི་གདན་ས་སྤྱི་དགོན་བཀྲ་ཤིས་ཀུན་ཁྱབ་གཡུང་དྲུང་གླིང་དུ་སྤྱི་ཁ་གསུམ་གཅིག་པུ་མ་ཡིན་པར་རེབ་གོང་སྟོད་སྨད་བར་གསུམ་གྱི་བོན་གཤེན་རིག་འཛིན་རྣམས་ཕེབས་ཏེ་བླ་མ་རིན་པོ་ཆེའི་གདུང་མཆོད་ལ་ཚེ་དབང་བོད་ཡུལ་མའི་ཚོགས་འཁོར་རྒྱ་ཆེན་པོ་ཕུལ་བ་དང་། དད་ལྡན་ཕོ་མོ་རྒན་གཞོན་ཡོངས་ནས་ཕྱག་དང་བསྐོར་བ་སོགས་ཀྱི་མཆོད་པ་ཅི་མང་ཕུལ་བ།

དཔལ་སྐྱང་སྟོན་རྒྱལ་བའི་དབང་པོ་ནམ་མཁའ་བསྟན་འཛིན་རིན་པོ་ཆེ་མཆོག་གིས་ད་ཐེངས་ཀྱི་གདུང་མཆོད་ཐད་ལ་མ་དངུལ་དམངས་སྒོར་ཁྲི་ཕྲག་གསུམ་ལྷག་བཏང་ནས་ཚོགས་མང་ལ་སྐུ་འགྱེད་དང་མངས་ཇ་ཚོགས་རྫས་སོགས་བསམ་གྱིས་མི་ཁྱབ་པ་དྲངས་པ་དང་།

སྤྱི་ཁ་གསུམ་གྱི་བོན་གཤེན་རྣམས་ནས་བླ་མ་སྐྱང་སྤྲུལ་རྒྱལ་བའི་དབང་པོ་ནམ་མཁའ་བསྟན་འཛིན་རིན་པོ་ཆེ་མཆོག་གི་སྐུ་དྲིན་གཞལ་མཐའ་བྲལ་བའི་རྟེན་དུ་ཤིས་ཚིག་མེ་ཏོག་གི་ཕྲེང་བ་གཏོར་ཏེ་གདོང་མཆོད་ཀྱི་ཚོགས་འཁོར་ཡོངས་སུ་མཇུག་རྫོགས་ནས་ཕྱོགས་སོ་སོ་ནས་ཕེབས་པའི་བོན་གཤེན་རྣམས་ཕྱིར་རང་ཡུལ་དུ་ཆས་སོ།།

ཚོགས་ཀྱི་དངོས་གྲུབ་ལེན་པ།
རིན་པོ་ཆེ་ཚང་ལ་བཀའ་དྲིན་ཤིས་ཚིག་འབུལ་བ།
གསོལ་བཞེས་འདྲེན་པ།
ཕྱག་མཆོད་འབུལ་བ།
མི་དམངས་ལ་ཚོགས་རྫས་སྟེར་བ།
རྩོམ་སྒྲིག་པ་རེབ་སྐྱིད་ཡར་འཕེལ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།