བོན་གྱི་ལོ་རྒྱུས་བསྟན་བཅོས་བསྒྲགས་པ་གླིང་གྲགས་དང་འབྲེལ་བའི་ཞིབ་འཇུག་ཚོགས་འདུ་ཧྥ་རན་སིར་འཚོགས་པ།


རྩོམ་པ་པོ། རྣལ་འབྱོར་ཚེ་རིང་། རྩོམ་ཁུངས། ཧི་མ་ལ་ཡའི་བོན།

ཟླ་༣པའི་ཚེས༢༦ཉིན་གྱི་ཕྱི་དྲོའི་དུས་ཚོད༡༨:༠༠སྟེང་། ནོར་ཝེ་ཨོ་སུ་ལོའི་གཙུག་ལག་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཕེར་ཁ་ཝེར་ནཱོ་ལགས་ཀྱིས་པཱ་རེ་སིའི་གྲོང་ཁྱེར་གྱི་སེར་ནོན་ཤཱི་དངོས་མང་བཤམས་སྟོན་ཁང་དུ་བོད་ཀྱི་ལོ་རྒྱུས་འཕེལ་རིམ་དང་འབྲེལ་བའི་ཞང་ཞུང་སྐོར་གྱི་ད་སྔའི་ཞིབ་འཇུག་ཅེས་པའི་འཆད་ཁྲིད་སྤེལ་བ་དང་། ཚེས་༢༧ནས༢༨་བར་གྱི་ཉིན་གཉིས་རིང་ལ། བོད་ཀྱི་བོན་པོའམ་ཐུབ་པའི་བསྟན་པ་མ་ཡིན་པའི་བོད་ཀྱི་ཆོས་ལུགས་དང་དེའི་ཞིབ་འཇུག་གི་གནས་བབ་ཅེས་པའི་བརྗོད་གཞིའི་སྟེང་ནས་ཧྥ་རན་སིའི་རྒྱལ་ས་པཱ་རེ་སི་རུ་གནས་པའི་ཧྥ་རན་སིའི་ཆེས་མཐོ་ཉམས་ཞིབ་སློབ་གླིང༼EPHE༽དུ་ལས་གཞིའི་ཟབ་སྦྱོང་གི་ཚོགས་འདུ་ཞིག་འཚོགས་ཤིང་། བོད་རིག་པའི་མཁས་དབང་ཆེན་མོ་ལྕམ་བྷོ་ལོན་ཌོ་ཨན་ནཱ་མ་རཱེ་དང་། ཧྥེར་དྷེ་མཱེ་ཡེར། མཁར་རྨེའུ་བསམ་གཏན་རྒྱལ་མཚན། ཕེར་ཁ་ཝེར་ནཱོ། ཌན་མཱར་ཐེན། ཆཱར་སི་རེམ་བྷོལ། ཁཱ་ཐེ་ཡཱ་བྷུ་ཧྥེ་ཐེལ་སོགས་གཙོ་བྱེད་པའི་ཨ་རི་དང་ནོར་ཝེ། འཇན་མན། ཨེ་སི་རེལ། ཧྥ་རན་སི་སོགས་ནས་ཕེབས་པའི་ཆེད་མཁས་དང་ན་གཞོན་ཞིབ་འཇུག་པ། འབུམ་རམས་པའི་ཞིབ་འཇུག་སློབ་མ་སོགས་སྔ་ཕྱིར་འཛོམས། 

ཉིན་དང་པོར་དགེ་རྒན་ཆེན་མོ་ཕེར་ཁ་ཝེར་ནཱོ་དང་ཌན་མར་ཐེན་གཉིས་ཀྱིས་གཙོ་སྐྱོང་འོག སྔ་དྲོར་ཞིབ་ཀློག་དང་བགྲོ་གླེང་ཞེས་པའི་བརྗོད་གཞིའི་སྟེང་ཁོང་གཉིས་ནས་མཉམ་འབྲེལ་ངང་དབྱིན་སྒྱུར་བྱེད་བཞིན་པའི་གཡུང་དྲུང་བོན་གྱི་ལོ་རྒྱུས་ཀྱི་བསྟན་བཅོས་བསྒྲགས་པ་རིན་ཆེན་གླིང་གྲགས་ལས་བན་བོན་མཐུ་རྩལ་འགྲན་པའི་སྐོར་ལ་ཞིབ་ཀློག་དང་། ཁོང་གཉིས་ཀྱི་སྣེ་ཁྲིད་འོག་ཚོགས་བཞུགས་པ་ཡོངས་ནས་བསྟན་བཅོས་ཀྱི་པར་གཞི་དང་ནང་དོན་གྱི་ཁྱད་པར། ལེའུའི་སྒྲིག་གཞི་སོགས་ཀྱི་ཐད་ལ་རྒྱུས་ལོན་བརྒྱུད་ནས་བགྲོ་གླེང་གནང་། 

 ཕྱི་དྲོར་བསྒྲགས་པ་གླིང་གྲགས་ལས་བྱུང་བའི་ཐུན་མོང་མ་ཡིན་པའི་བསྟན་བཅོས་ཀྱི་ཐ་སྙད་ཁ་ཤས་ལ་རེ་རེ་ལྟར་དུ་གསེད་བཀྲོལ་གནང་བ་དང་། དེའང་ཐ་སྙད་དེ་དག་ལས་དང་པོ་ནི་མི་མ་ཡིན་པའི་སྐོར་དང་གཉིས་པ་ནི་གང་ཟག་གི་སྐོར་ཞེས་རིགས་གཉིས་སུ་བཀར་ཏེ། དང་པོ་ནི་སྐུ་བླ་དང་། སྐུ་ལྷ། སྒྲ་བླ། དགྲ་ལྷ། མགུར་ལྷ། འགུར་ལྷ། ཡེ་ལྷ། ལྷ་རྒོད། གཤོག་གསས། འདུར་གསས། བོན་སྐྱོང། བོན་སྲུང་། སྨན་མོ་སོགས་ལྷའི་རིགས་རྣམས་དང་། གཉིས་པ་ནི་ཀླུ་དང་བགེག ཐེ་རེང་། བདུད། འདྲེ། ས་བདག སྲི་དང་སྲིན་སོགས་ལྷ་སྲིན་སྡེ་བརྒྱད་ཀྱི་རིགས་རྣམས་སོ། ། གཉིས་པ་ལའང་དཔོན་གསས། ཕ་བ། བོནཔོ། ལྷ་བོན། བོན་མོ། མོ་བོན། གཤེན་པོ། སྐུ་གཤེན་སོགས་བོན་པོའི་ཆོས་བྱེད་ཀྱི་གང་ཟག་གི་སྐོར་དང་། ཆོས་པ་དང་བན་དྷེ། བན་བཙུན་སོགས་བན་དྷེའི་ཆོས་བྱེད་ཀྱི་གང་ཟག་གི་སྐོར་ཏེ། ཐ་སྙད་དེ་དག་གི་སྒྲ་བཤད་དང་གོ་དོན། ཡིག་ཆའི་ནང་གི་འབྲི་སྟངས་དང་རྣམ་པ། ཐ་སྙད་བེད་སྤྱོད་བྱེད་སྟངས། ཡིག་རྩའི་འབྱུང་ཁུངས། དོན་སྒྱུར་བྱེད་སྟངས་སོགས་ཀྱི་ཐད་ལ་བགྲོ་གླེང་ཞིབ་རྒྱས་གནང་བའོ། །

 ཉིན་གཉིས་པའི་སྔ་དྲོར་དགེ་རྒན་ཆེན་མོ་ཆཱར་སི་རེམ་བྷོ་ལགས་ཀྱི་གཙོ་སྐྱོང་གནང་འོག་འབུམ་རམས་པའི་ཞིབ་འཇུག་སློབ་མའི་ཞིབ་འཇུག་གི་ལས་གཞི་སྐོར་གྱི་བགྲོ་གླེང་གོ་སྒྲིག་བྱས་ཡོད་པ་དང་། དང་པོར་ལུའུ་ཟེ་ཝེ་ནཱོ་ལགས་ནས་འཆི་བའི་བདུད་ལ་བཟློག་པའི་བོན་གྱི་གཤེད་ཟློག་གི་ཆོ་ག་ཞེས་པ་དང་། ཝང་ཡུང་ཝེ་ལགས་ཀྱིས་བོན་གྱི་ཡིག་ཚངས་ཁྲོད་ཀྱི་གཉན་ཆེན་ཐང་ལྷ། རྣལ་འབྱོར་ཚེ་རིང་ནས་བོད་ཀྱི་ཤར་མཚམས་ནས་རྙེད་པའི་གེ་ཁོད་ཀྱི་ཡིག་ཆ་དང་དེའི་དད་མོས། ཚེ་རིང་དཔལ་སྒྲོན་གྱིས་བོན་གྱི་ཀླུ་འབུམ་གྱི་པར་གཞིའི་འབྱུང་ཁུངས་དང་དེའི་རིགས་དབྱེ་ཞེས་སོ་སོའི་ཞིབ་འཇུག་གི་ལས་གཞི་དང་སྦྲེལ་ཏེ་སྙན་སྒྲོག་ཞུས་ཞིང་། ཚོགས་བཞུགས་ཆེད་མཁས་ཞིབ་འཇུག་པ་རྣམས་ནས་བཏོན་པའི་དྲི་བ་དང་བསྟུན་ནས་བགྲོ་གླེང་མཛད།

ཕྱི་དྲོར་ཐུབ་བསྟན་གྱི་རྒྱལ་ཕྲན་གཉིས་སུ་བོན་གྱི་གོ་གནས་ཀྱི་སྐོར་ཞེས་པའི་བརྗོད་གཞིའི་སྟེང་། འབུམ་རམས་པའི་ཞིབ་འཇུག་སློབ་མ་མཱ་ཧེ་ཡོན་པཱོ་སི་ལགས་ནས་གློ་སྨོན་ཐང་སྨད་ཀྱི་ཁ་རག་ནི་བདུད་ཀྱི་ཡུལ་ཡིན་ནམ་ཞེས་པའི་བརྗོད་གཞིའི་སྟེང་གནའ་དཔྱོད་རིག་པའི་གྲུབ་འབྲས་དང་ལོ་རྒྱུས་བསྟན་བཅོས་ཀྱི་ནང་དོན་ཟུང་འབྲེལ་བྱས་ཏེ་སྙན་སྒྲོག་ཞུས་པ་དང་། དགེ་རྒན་ཆེན་མོ་ཕེར་ཁ་ཝེར་ནཱོ་ལགས་ཀྱིས་དུས་རབས་བཅུ་གཉིས་པའི་བོད་ཀྱི་ལོ་རྒྱུས་བསྟན་བཅོས་བསྒྲགས་པ་གླིང་གྲགས་ཀྱི་པར་གཞིའི་ཡོངས་ཁུངས་དང་ཡིག་སྒྱུར་གྱི་གནས་བབ་ཅེས་པ་དང་། དགེ་རྒན་ཆེན་མོ་ཌན་མཱར་ཐེན་ལགས་ནས་སོག་པོའི་བཙན་རྒྱལ་སྔུན་གྱི་བོན་གྱི་ཡིག་རྙིང་ཁྲོད་ཀྱི་བོད་ཁམས་ཀྱི་མཐོང་སྣང་ཞེས་པ་དང་། ཆཱར་སི་རེམ་བྷོལ་ལགས་ནས་གློ་སྨོན་ཐང་གི་རྒྱལ་པོའི་དབུ་བླ་སྟེ་དྲང་སྲོང་གི་གདུང་རྒྱུད་དང་དེའི་ཆོ་གའི་ཡིག་ཆ་ཞེས་པ་རྣམས་སྔ་ཕྱིར་སྙན་སྒྲོག་ཞུས་ཤིང་། ཚོགས་བཞུགས་ཀྱི་མི་སྣ་ཡོངས་ནས་རང་རང་གི་ཞིབ་འཇུག་ཉམས་མྱོང་དང་། ཚོགས་ཞུགས་ཀྱི་མྱོང་ཚོར་བཀས་ཀྱི་སྒོ་ནས་སྙན་སྒྲོག་པའི་ཞིབ་འཇུག་གི་བརྗོད་གཞི་ལ་དྲི་བ་བཏོན་ཅིང་བགྲོ་གླེང་ཕུན་སུམ་ཚོགས་པ་མཛད།

 མཇུག་མཐར་དགེ་རྒན་ཆེན་མོ་ཕེར་ཁ་ཝེར་ནཱོ་དང་ཌན་མཱར་ཐེན། ཆཱར་སི་རེམ་བྷོལ་བཅས་ནས་མཁས་དབང་ཆེན་མོ་ལྕམ་བྷོ་ལོན་ཌོ་ཨན་ནཱ་མ་རཱེ་མཆོག་གིས་དེ་སྔུན་ཞིབ་འཇུག་དང་བསྒྱུར་མཆན་བཏབ་ཡོད་པའི་བསྒྲགས་པ་གླིང་གྲགས་ཀྱི་ནང་དོན་ཁ་ཤས་དང་། མཁས་དབང་མཁར་རྨེའུ་བསམ་གཏན་རྒྱལ་མཚན་མཆོག་གིས་བསྒྱུར་ཞིང་ཞིབ་འཇུག་མཛད་པའི་ལེགས་བཤད་རིན་པོ་ཆེའི་མཛོད་གཉིས་ནི་ད་རེས་ཀྱི་ལས་གཞིའི་ཞིབ་འཇུག་ལ་ཕན་འབྲས་ཤིན་ཏུ་ཆེ་བར་མ་ཟད། དེ་དག་ནི་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་གི་ཁྲོད་དུ་བོད་ཀྱི་ལོ་རྒྱུས་བསྟན་བཅོས་སྒོར་གྱི་ཞིབ་འཇུག་གི་སྒོ་འཕར་ཆེ་རུ་ཕྱེས་པ་དང་། བོན་གྱི་ཆོས་རིག་གི་ཞིབ་འཇུག་སྐོར་ལའང་དོན་སྙིང་ཤིན་ཏུ་ཆེ་ཞིང་ཕན་ནུས་རླབས་ཆེན་ཐོན་དང་འཐོན་བཞིན་པའི་མཛད་འབྲས་གཉིས་ཡིན་པའི་གདེང་འཇོག་ཚད་མེད་གནང་བ་དང་བཅས་མཇུག་རྫོགས་པའོ། །

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།