དགེ་གྲོགས་ལྷན་རྒྱས་ནས་རྩོམ་པ་པོ་ཁྱུང་བཟང་ལགས་ཀྱི་བརྩམས་ཆོས་འགྲེམས་སྤེལ་མཛད་སྒོ་བསྡུས་པ།

ཟླ5བའི་ཚེས10ཉིན་གྱི་ཕྱི་དྲོའི་ཆར་ལོ་ངོ་དུ་མའི་རིང་ལ་སློབ་གསོའི་ལས་རྐང་ནས་དཔུང་བ་མཉམ་གཤིབ་བགྱིས་པའི་དགེ་གྲོགས་ཀྱི་སྡེས་མཚོན་པའི་དགེ་སློབ་བརྒྱ་ཕྲག་ལྷག་གིས་རེབ་གོང་རོང་བོ་བཅའ་སྡོད་སློབ་གྲྭ་གཉིས་པའི་ཐེམ་སྐས་སློབ་ཁང་དུ་རྩོམ་པ་པོ་ཁྱུང་བཟང་ལགས་ཀྱི་བརྩམས་ཆོས་དཔར་བསྐྲུན་འགྲེམས་སྤེལ་གནང་བར་བཀྲ་ཤིས་རྟེན་འབྲེལ་གྱི་མཛད་སྒོ་གཟབ་རྒྱས་ངང་འཚོགས།

ཚོགས་རའི་ཟུར་ཅིག

ཐོག་མར་རྒན་བསོད་ནམས་རྡོ་རྗེ་ཡིས་འགོ་འཛིན་དང་ལྷན་དུ་ཚོགས་ཞུགས་པ་ཡོངས་ཚོགས་རར་ཕེབས་ནས་མིང་རྟགས་བཀོད་པ།

རྒན་བསོད་ནམས་རྡོ་རྗེ་ལགས་ནས་འགོ་འཛིན་བྱེད་བཞིན་པ།
དགེ་སློབ་ཡོངས་ནས་མིང་རྟགས་འགོད་བཞིན་པ།
རྩོམ་པ་པོས་མིང་རྟགས་འགོད་བཞིན་པ།

འགོ་འཛིན་པས་དངོས་སུ་མགོ་བརྩམས་པ་ཁྱབ་བསྒྲགས་བྱེད་པ་དང་མཉམ་དུ་སློབ་གཙོ་རྣམ་པ་གཉིས་ཀྱིས་དཔེ་ཚོགས་དབུ་འབྱེད་གནང་བ། l

སློབ་གཙོ་པདྨ་རྣམ་རྒྱལ་དང་སློབ་གཙོ་ཤ་བོ་རྒྱལ་རྣམ་གཉིས་ཀྱིས་དཔེ་ཚོགས་དབུ་འབྱེད་གནང་བཞིན་པ །

སློབ་གཙོ་པདྨ་རྣམ་རྒྱལ་ལགས་ཀྱིས་རྟེན་འབྲེལ་གྱི་ཤིས་ཚིག་བརྗོད་དེ་དངོས་སུ་མགོ་རྩོམ་པ།

ཁྱུང་བཟང་གིས་བརྩམས་ཆོས་དང་འབྲེལ་ནས་རང་གི་མྱོང་བ་བརྗོད་པ།

སློབ་གཙོ་རྣམ་གཉིས་ཀྱིས་བཀྲ་ཤིས་རྟེན་འབྲེལ་གྱི་ལྷ་དར་འཐེན་བཞིན་པ།
དགེ་གྲོགས་ཡོངས་ནས་རྩོམ་པ་པོར་བཀྲ་ཤིས་རྟེན་འབྲེལ་གྱི་ཁ་བཏགས་འབུལ་བ།

སློབ་གཙོ་ཤ་བོ་རྒྱལ་ལགས་ཀྱིས་གཏམ་བཤད་གནང་སྟེ་རྟེན་འབྲེལ་ཞུས་དོན།

འདིར་ཕེབས་ཀྱི་སྐུ་མགྲོན་དང་དགེ་གྲོགས་ལྷན་རྒྱས། གུས་པར་འོས་པའི་རྩོམ་པ་པོ་བློ་མཐུན་ཁྱུང་བཟང་ལགས།གཞན་སློབ་གྲོགས་རྣམ་པ། ཚང་མ་སྐུ་ཁམས་བཟང་།

དེ་རིང་ངས་འདི་ནས་རྩོམ་པ་པོ་ཁྱུང་བཟང་ལགས་དང་ཁོང་གི་རྩོམ་དེབ་འགྲེམ་སྤེལ་གྱི་མཛད་སྒོ་འདི་བསྡུས་པར་བཀྲ་ཤིས་རྟེན་འབྲེལ་ཞུས་པ་ཡིན།

དཔེ་ཆ་གཅིག་ཀྱང་དཔར་དཀའ་ན། དཔེ་ཆ་བརྒྱད་པར་བ་ནི་དངོས་ནས་ཧ་ལས་པ་དང་ཡིད་སྨོན་པ། རྗེས་སུ་ཡི་རང་ཤོར་བ་ཞིག་རེད། རྩོམ་པ་པོས་ཡུན་རིང་གི་དཀའ་ཐུབ་སྡུག་རུས་ལ་བརྟེན་ནས་རྩོམ་མང་པོ་བྲིས་ཤིང་ཞིང་ཆེན་ཕྱི་ནང་གི་དུས་དེབ་གང་མང་གི་སྟེང་དུ་སྤེལ་ཡོད་པ་མ་ཟད། སྐབས་གཉིས་པའི་སྦྲང་ཆར་རྩོམ་རིག་གི་བྱ་དགའ་དང་གངས་རྒྱན་ན་ཆུང་ཚགས་པར་གྱི་རྩོམ་རིག་བྱ་དགའ་ཨང་དང་པོ་ཡང་ཐོབ་མྱོང་པ་རེད། དེ་བས་རྩོམ་པ་པོ་ཁོ་ལ་མཚོན་ན་རྩོམ་རྩལ་གྱི་ཆུ་ཚད་མཐོན་པོ་ལྡན་པས། གང་གི་བརྩམས་ཆོས་ནི་ང་ཚོ་སུ་ལ་མཚོན་ནའང་དངོས་ནས་ཀློག་རིན་ལྡན་པ་ཞིག་ཡིན་པ་ནི་སྨྲས་མ་དགོས།

རྩོམ་པ་པོ་ཁོ་ནི་བོད་ཀྱི་རྩོམ་རིག་གི་གར་སྟེགས་སྟེང་ན་གདེང་འཇོག་གི་ཚད་མཐོ་ཞིང་མིང་དུ་གྲགས་པའི་རྩོམ་པ་པོ་ཞིག་ཡིན་ལ།  ཁོང་གི་གཟི་འོད་ཀྱིས་ང་ཚོ་རོང་བོ་བཅའ་སྡོད་སློབ་གྲྭ་གཉིས་པའི་སློབ་གསོའི་མཁའ་དབྱིངས་སུ་ཡང་འོད་ཀྱི་ལྡ་ལྡིས་ཡོངས་སུ་བརྒྱན་ཡོད་པས།  ངས་ཡང་བསྐྱར་གོ་སྐབས་འདི་བེད་སྤྱད་ནས་ཁོས་མི་རིགས་རིག་གནས་ཀྱི་རྩོམ་རིག་པད་མའི་དགའ་ཚལ་དུ་མཛེས་སྡུག་ཡིད་དུ་འོང་བའི་མེ་ཏོག་ཆུན་པོ་ཞིག་འབུལ་གནང་མཛད་པར་རྟེན་འབྲེལ་དང་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།  ཁོས་འདི་ལྟར་མི་རིགས་རིག་གནས་རྒྱུན་འཛིན་དང་དར་སྤེལ་བྱས་པ་ལ་བཀའ་དྲིན་མི་ཞུ་མཁན་སུ་ཞིག་ཡོད། རྩོམ་རིག་ལ་ཕྱོགས་པ་ནི་ཐོག་མར་དགའ་ཕྱོགས་ཤིག་གམ་ཤེས་མེད་ཚོར་མེད་ངང་འཇུག་པ་ཞིག་ཡིན་སྲིད་ནའང་། ཡུན་རིང་གི་འབད་པ་དང་བློ་སྦྱོང་གི་ཁྲོད་ནས་ངེས་པ་དོན་གྱི་རྩོམ་པ་པོ་ཞིག་ཡིན་ཚེ་རྩོམ་རིག་ནི་ད་གཟོད་འགན་ཁུར་ཞིག་ཏུ་གྱུར་ཡོད་པ་དང་གཡོལ་མེད་ཀྱི་ལས་དོན་ཞིག་ཡིན་པ་ངང་གིས་རྟོགས་ཐུབ།

ལས་ཞོར་ཏུ་རྩོམ་འབྲི་བ་ནི་དངོས་ནས་དཀའ་མོ་ཞིག་རེད། གཅིག་འགྲུབ་ན་གཅིག་མི་ཤོར་བའི་ངེས་པ་ཡང་མེད་མོད།  འོན་ཀྱང་རྩོམ་པ་པོས་བྱ་བ་ཚང་མར་འབད་འཐབ་བྱས་པ་ནི་དངོས་ནས་གུས་པར་འོས་པ་ཞིག་གོ།།

མ་གཞི་ནས་རྩོམ་རིག་ནི་སྒྱུ་རྩལ་ཅིག་སྟེ་ཚིག་གི་རོལ་རྩེད་ཅིག་ཡིན་ལ་ཀ་ཁའི་སྲད་པུར་བརྒྱུས་པའི་མིང་ཚིག་གི་དབྱངས་འགྲོས་ནི་རྩོམ་རིག་གི་ལང་ཚོ་རེད། ཟིལ་ཤུགས་ལྡན་པའི་ལང་ཚོ་འདིའི་ནང་དུ་སྐུང་ཡོད་པ་ནི་རྩོམ་པ་པོའི་འཇིག་རྟེན་ལྟ་ཚུལ་དེ་ཡིན་ལ། དེ་ནི་སྐྱེ་དངོས་ཀྱི་རྩད་པ་ས་གཞི་དང་འབྲལ་མི་སྲིད་པ་བཞིན་དུ་རྩོམ་པ་པོའི་རུས་རྐང་དང་དམ་དུ་སྦྲེལ་ཡོད་པ་དང་། རུས་རྐང་དེ་ནི་ཀ་ཁ་ཟེར་བའི་རྩ་བའི་རིག་གནས་ཤིག་གི་ཐོན་འབྲས་ཡིན་པས།  རྩོམ་པ་པོ་ཁོ་དང་ང་ཚོ་ཀློག་པ་པོ་རྣམས་ཀྱིབར་ཐག་ནི་དེ་འདྲའི་ཉེ་ཞིང་ཚང་མར་ཐུན་མོང་གི་བསམ་བློའི་ཆ་ཤིག་བགར་དུ་མེད། འདོར་དུ་མེད། བཅོས་སུ་མེད་པར་ཨ་འཐས་སུ་ཡོད་དོ།།  དེའི་རྒྱུ་མཚན་གྱིས་ཁྱུང་བཟང་ལགས་ཀྱི་རྩོམ་འདི་ནི་ང་ཚོའི་བསམ་བློའི་ངལ་སྟེགས་ཤིག་ཀྱང་ཡིན་པ་གདོན་མི་ཟ་སྟེ།  ངས་འདི་ལྟར་བཤད་དོན་ཡང་ངེས་པ་དོན་གྱི་རྩོམ་པ་པོ་ཞིག་ལགས་ཚེ་དུས་རབས་ཀྱི་མགྲིན་ཚབ་པ་ཞིག་ཡིན་དགོས་ལ།  ཁོང་གི་བརྩམས་ཆོས་ནི་དུས་རབས་དེ་ཚུར་སྣང་བྱེད་ཐུབ་པའི་གཟུགས་འཆར་མེ་ལོང་ཞིག་ཡིན་དགོས་པས་སོ།།

རྩོམ་པ་པོ་ཁོ་ལ་མཚོན་ན་“གཞན་སྐྱོན་བརྟག་པར་ནན་མི་བྱ།། རང་སྐྱོན་གང་ཡོད་ལེགས་པར་བརྟག།” ཟེར་བ་བཞིན། མི་ལ་ཤས་དང་མི་འདྲ་བར་རང་སྐྱོན་རང་བརྗོད་བྱེད་མཁན་ཞིག་ལགས་ཏེ།  ཐོག་མའི་ཞུ་མཆིད་དག་གི་ནང་དུ་ཁེངས་སྐྱུང་གི་ཚིག་གིས་ཁེངས་ཡོད་པ་རེད། ཡིན་ནའང་“རྩྭ་ཡི་སྐྱེ་སྟོབས་རླུང་ཤུགས་ཆེན་པོས་ཤེས།། གསེར་གྱི་བཟང་ངན་མེ་དཔུང་དྲག་པོས་འབྱེད།།”ཟེར་བ་བཞིན་བཟང་ངན་གྱི་ཆ་དེ་ཀློག་པ་པོས་ཤེས་ལ་ཀློག་པ་པོས་འབྱེད་ངེས་རེད། བློ་མཐུན་ཁྱུང་བཟང་ལ་མཚོན་ན། ཁོས་ད་ལྟའི་བར་ཏུ་རང་གི་མི་ཚེ་དེ་རྩོམ་རིག་གི་ཞིང་སར་གཏིམ་ཡོད་པ་ང་ཚོས་ཤེས་ཐུབ། ཁོའི་དཀའ་སྤྱད་ཀྱི་སོ་ནམ་ལས་བྱུང་བའི་འབྲས་བཟང་ནི་དངོས་ནས་གཡུར་ཏུ་ཟ་བ་ཞིག་ལགས།  རྩོམ་པ་པོ་ཞིག་ཡིན་ཚེ་རྩོམ་པ་པོའི་མིང་གྲགས་སྐམ་པོ་ཁོ་ན་ཙམ་མ་ཡིན་པར།  དེ་ནི་ངས་གོང་ནས་བཤད་པ་བཞིན་འགན་ཁུར་གྱི་བསམ་བློ་བཅོས་མིན་རྒྱུད་ན་ཡོད་པ་ཞིག་དང་ངེས་པར་དུ་ཤིང་གེལ་བའི་ཡལ་ག་ལྟ་བུ་བྱ་དགོས་པ་དེ་ཡིན།  རྩོམ་པ་པོ་ཁྱུང་བཟང་ལགས་ནི་དེ་ལྟ་སྟེ་དེ་ལས་མ་འདས་སོ།། ཁོའི་ཕོན་ཆེན་པོའི་བརྩམས་ཆོས་དང་བརྩམས་ཆོས་ཀྱིས་བླངས་པའི་འབྲས་བུ་དག་གིས་ར་སྤྲོད་བདེན་དཔང་བྱས་ཡོད།

ཉེ་ཆར་ན་གཞོན་རྩོམ་པ་པོ་ཞིག་གིས་ཀྱང་འདི་ལྟར་སྨྲས་ཡོད་དེ“དེའང་སྐྱ་ཟད་སྔོ་སྡུག་གི་སྐབས་སུ་སྙན་ངག་ལ་བཅར་བ་ནི་བོད་སྐད་ཀྱི་བཅུད་ལ་བཅར་བ་ཡིན་ལ། དོན་དུ་ཡུལ་གྲུ་ཞིག་གི་གདོད་མའི་མ་ཡུམ་ལ་བཅར་བའང་ཡིན། ”ཞེས་སྨྲས་ཡོད།

སྤྱིར་ན་རྩོམ་རིག་ནི་མིའི་ལས་སྐལ་འབྲི་བྱེད་ཅིག་རེད།  ང་ཚོས་ཁོའི་འཐུས་ཚབ་བརྩམས་ཆོས་ལྟ་བུར་གྱུར་བའི་འབྲོག་ཁྱི་ཞིག་གི་གཏམ་རྒྱུད་ལ་བལྟས་ན་གནད་དེ་མཐོང་སླ་བ་རེད།

རྩོམ་ཡིག་ནི་དངོས་ནས་ང་ཚོའི་རིག་གནས་ཀྱི་ས་བོན་ལས་བཞད་པའི་མེ་ཏོག་རེད། ད་ལྟའི་དུས་འདིར་ཡང་ང་ཚོ་ལ་རྩོམ་པ་པོའི་དཔུང་སྡེ་འདི་འདྲའི་ཉུང་ཞིང་དཀོན་ན། ནམ་ཞིག་ང་ཚོ་ལ་ཕ་སྐད་ཕ་ཡིག་གིས་འབྲི་བའི་རྩོམ་པ་པོ་ཡོངས་སུ་རྫོགས་པར་གྱུར་ཚེ།  ང་ཚོ་ལ་དེ་རིང་གི་བྲོ་བ་འདི་ཡོད་སྲིད་དམ། དེ་རིང་གི་ཚོར་བ་འདི་ཡོད་སྲིད་དམ།  དེ་རིང་གི་སྙིང་ཉེ་བའི་འགྱུར་ཁུགས་འདི་ཡོད་སྲིད་དམ། དེ་བས་ང་ཚོ་ལ་རྩོམ་པ་པོའི་དཔུང་སྡེ་མཁོ་བ་ནི་གཞན་དང་བསྡུར་ཐབས་མེད་པ་ཞིག་ལགས་ལ། ཆེས་གཅེས་སུ་འོས་པ་ཡང་དེའོ།།

བདག་གིས་མུ་མཐུད་དུ་རྩོམ་པ་པོ་ཁོས་སྔར་བཞིན་འདི་ལྟར་འབྲི་བར་རེ་བ་བྱེད་ཀྱི་ཡོད་ལ། ཁོའི་རྩོམ་རིག་གི་ལམ་ཁ་སྔར་ལས་ཀྱང་ཡངས་ཤིང་གྲུབ་འབྲས་སྔར་ལས་ཀྱང་ལེགས་པའི་རེ་བ་སྙིང་ནས་བྱེད།

                                                      བཀྲ་ཤིས་བདེ་ལེགས།                            

  ཐུགས་རྗེ་ཆེ།

རྒན་ཁོང་གི་སློབ་མས་སྙན་ངག་གྱེར་འདོན་བྱེད་བཞིན་པ།
རྒན་བསོད་ནམས་རྡོ་རྗེ་ལགས་ནས་གྱེར་འདོན་གནང་བཞིན་པ།
དགེ་གྲོགས་ཡོངས་ཀྱི་མཉམ་པར།
གསོལ་ཚིགས་ལ་རོལ་བཞིན་པ།
རྩོམ་པ་པོ་དང་རེབ་འདིའི་གཙོ་སྒྲུབ་འགན་འཛིན་པའི་མཉམ་པར།

དགེ་གྲོགས་ལྷན་རྒྱས་ནས་རྩོམ་པ་པོ་ཁྱུང་བཟང་ལགས་ཀྱི་བརྩམས་ཆོས་འགྲེམས་སྤེལ་མཛད་སྒོ་བསྡུས་པ།” སྟེང་དུ་དཔྱད་མཆན 1 ཡོད།

  1. དཔོན་དང་སྲས་ཀྱི་རིགས་སུ་མ་འཁྲུངས་ལ།།མ་ཧ་པཎྟི་ལ་སོགས་མ་བསྟེན་ཡང།།འཇིག་རྟེན་ཕལ་བའི་ཡུལ་གྲུ་ལུང་བ་ནས།།རྣམ་དཔྱོད་གསེར་གྱི་ཊམ་བུ་དཀྲོལ་བ་ལ།།ཁྱུང་དཀར་ཚངས་པའི་ཡང་སྤྲུལ་ཅིས་མིན་ལགས།། མཇུག་མཐར་རྟེན་འབྲེལ་དང་བཅས་སྟེ་རྒན་ཤ་བོ་རྒྱལ་ལགས་ཀྱིས་ཀྱང་གཉིད་ལ་ཡུར་པའི་འབྲུག་ཆུང་མི་བྱེད་པར་མི་ཚེའི་ཤུལ་ལ་རྟགས་ཤིག་དགོད་པར་མཁྱེན།།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།