༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེས་འཇར་མན་དུ་འགྲོ་དོན་བསྐྱངས་པའི་གནས་བསྡུས།

རྩོམ་པ་པོ། སྐྱབས་རྗེ་མཆོག་གི་ཕྱག་ཞབས་ཚན་ཆུང་།  རྩོམ་ཁུངས། རེབ་གོང་བོན་མང་དྲ་བ།

ཕྱི་ལོ་༢༠༡༩ཟླ་༦ཚེས་༩ ཉིན་གྱི་ཉིན་རྒྱབ་ཕྱག་ཚོད་༡ ཐོག་སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་བཞི་པ་ལུང་རྟོགས་ཟླ་བ་དར་རྒྱས་རིན་པོ་ཆེ་མཆོག་སྐུ་འཁོར་ལྷན་རྒྱས་པོ་ལེན་ཌི་བྱམས་མ་གླིང་ནས་གནམ་ཐང་དུ་ཕེབས་སྐྱེལ་ཞུས་ནས་ཕྱི་དྲོའི་ཕྱག་ཚོད་༥།༣༠ ཐོག་མཁའ་ལམ་བརྒྱུད་འཇར་མན་རྒྱལ་ས་བྷར་ལིན་དུ་བདེ་འཚམས་ངང་འབྱོར། ཕེབས་བསུ་བ་འཇར་མན་ལིག་མི་རྐྱའི་བོན་ཚོགས་ཀྱི་དབུ་བླ་བླ་མ་བསྟན་འཛིན་དབང་རྒྱལ་རིན་པོ་ཆེ་མཆོག་དང་བྷར་ལིན་ལིག་མི་རྐྱའི་བོན་ཚོགས་ཀྱི་ཚོགས་མི་དང་སློབ་མ་རྣམས་ནས་ཕེབས་བསུ་མཇལ་བཅར་ཞུས་འདུག་ལ།

ཕྱི་ཚེས་༡༠ཉིན་གྱི་ཞོགས་པར་གསར་འགོད་པ་ཞིག་ནས་རིན་པོ་ཆེར་བོན་ཆོས་དང་འབྲེལ་བའི་བཅར་འདྲི་ཞུས་འདུག་ཅིང་། ཨ་རིའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་ Willem

ཝེ་ལིམ་དང་ཁོང་གི་བཟའ་ཟླ་གཉིས་ནས་མཇལ་བཅར་ཞུས་རྗེས་ཉིན་གུང་བྷར་ལིན་གྲོང་ཁྱེར་དང་ཡེ་ཤུའི་ལྷ་ཁང་སོགས་ལ་གཟིགས་སྐོར་དུ་ཕེབས།

ཕྱི་ཚེས་༡༡ཉིན་གྱི་དགོང་མོའི་ཕྱག་ཚོད་༦ སྟེང་འཇར་མན་ལིག་མི་རྐྱའི་བོན་ཚོགས་ཀྱིས་གོ་སྒྲིག་བྱས་པའི་བྷོ་དྷི་ཅར་ཡའི་ཆོས་ཚོགས་ཀྱི་ཚོགས་ཁང་དུ་གདན་་ཞུས་ཀྱིས་མ་འདལ་སྐུ་གསུང་ཐུགས་རྟེན་ཕུལ་ནས་ཡུམ་ཆེན་མོ་ཤེས་རབ་བྱམས་མའི་དཔེ་ཁྲིད་ཆུ་ཚོད་༢།༣༠རིང་གནངས།

ཕྱི་ཚེས་༡༢ཉིན་ཕྱི་དྲོའི་ཕྱག་ཚོད་༢སྟེང་བྷར་ལིན་ལིག་མི་རྐྱའི་བོན་ཚོགས་སུ་གདན་ཞུས་ཀྱིས་གནས་དེའི་ཚོགས་ཁང་དུ་རབ་གནས་གནང་བ་དང་བོན་ཚོགས་ཀྱི་ཚོགས་མི་རྣམས་ལ་བཀའ་ སློབ་ལམ་སྟོན་བསྩལ་ནས་ཆུ་ཚོད་༦སྟེང་སླར་བྷོ་དྷི་ཅར་ཡའི་ཚོགས་ཁང་དུ་ཕེབས་ནས་སློབ་མ་རྣམས་ལ་དཔེ་ཁྲིད་གནང་ནས་ཕྱག་ཚོད་༩སྟེང་དཔེ་ཁྲིད་མཇུག་བསྡུས་ནས་འཇར་མན་ལིག་མི་རྐྱའི་བོན་ཚོགས་ཀྱི་ཚོགས་གཙོ་ལགས་ནས་༧སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་ལ་བོན་ཚོགས་འདིར་ཕེབས་ནས་སློབ་མ་རྣམས་ལ་གསུང་ཁྲིད་དང་མཇལ་ཁ་ཐོབ་པར་བཀའ་དྲིན་ཐུགས་རྗེ་ཆེ་ཞུས་པ་དང་༧སྐྱབས་རྗེ་མཆོག་ནས་ཀྱང་ལིག་མི་རྐྱའི་བོན་ཚོགས་སུ་རྟེན་སྐལ་དུ་ཏ་པི་ཧྲི་ཙའི་ཐང་ག་བྲིས་མ་ཞིག་གནང་བ་དང་བོན་ཚོགས་འདིའི་རྒྱུན་ལས་དང་སློབ་

མ་རྣམས་དང་ལྷག་པར་དུ་བཀའ་རྒྱུད་ཀྱི་ཆོས་ཚོགས་བྷོ་དྷི་ཅར་ཡའི་དབུ་བླ་དང་རྒྱུན་ལས་ལྷན་རྒྱས་ནས་ཚོགས་ཁང་སོགས་མཐུན་འགྱུར་གནང་བར་བཀའ་དྲིན་ཆེ་ཅེས་ཞུས་ཡོད་པ་དང་། ཕྱི་ཚེས་13ཉིན་འཇར་མན་ནས་ཕེ་རི་སིའི་གཤེན་བསྟན་དར་རྒྱས་གླིང་དུ་ཕེབས་རྒྱུ་ཡིན་པས་གནས་བསྡུས་སུ།

རྩོམ་སྒྲིག་པ། རེབ་སྐྱིད་ཡར་འཕེལ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།