རྡོ་ཨརྒ་སྟག་སེང་ཁ་སྤྲོད།

རྩོམ་པ་པོ། ཤ་བོ་ཁྱི་ཐར། རྩོམ་ཁུངས། རེབ་གོང་བོན་མང་དྲ་བ།

རྡོ་ཨརྒ་སྟག་སེང་ཁ་སྤྲོད་གནས་ཡུལ་སྤྱི་ཚང་ངམ་སྐྱི་ཚང་གཡང་སྡེ་ཕྱུག་མོ་ནི། རེབ་གོང་གི་ཤོག་ཁའི་དབང་དུ་བྱས་ན་རེབ་གོང་ཤོག་ཁ་བཅུ་གཉིས་ཀྱི་ཡ་གྱལ་གྱི་ཤོག་ཁ་གཅིག་ཡིན་ཞིང་། ཞང་གི་དབང་དུ་བྱས་ན་རྒྱལ་པོ་ཞང་གི་ཁོངས་སུ་གཏོགས། རྒྱལ་པོ་ཞང་ནས་བྱང་ཕྱོགས་སུ་སྤྱི་ལེ་བཅུའི་སར་སྐྱི་ཁ་གསུམ་ཆགས་ཤིང་། རྡོ་ཨརྒ་སྟག་སེང་ཁ་སྤྲོད་ནི། སྐྱི་ཁ་གསུམ་གྱི་ཡ་གྱལ་རྡོ་ཨརྒའི་སྟེང་གཞི་ཆགས་པ་སྐྱི་ཨརྒ་སྟེང་སྡེ་བའི་སར་ཡོད་ལ། དེ་ནི་སྔར་བོད་རྒྱལ་ལྷ་སྲས་དར་མའི་སྐབས་སུ་དམ་པ་ཁྱུང་གི་གདུང་ལ་བྱོན་པའི་རེབ་གོང་གྲུབ་ཐོབ་རྣམ་གསུམ་ཞེས་སྙན་གྲགས་གཡུ་འབྲུག་གི་སྐད་ལ་ཟ་བ་དེ་གསུམ་དབུས་ས་ཀ་གདོང་དྲུག་གམ་གནའ་བོའི་རུས་རྙིང་སྐྱི་ཅན་གྱིས་གཞི་བཟུང་བའི་ལྷ་སའི་སྐྱི་ཤོད་གཤོང་ནས་མདོ་སྨད་རེབ་གོང་གི་ཕྱོགས་འདིར་བྱོན་པའི་གྲུབ་ཐོབ་སྐུ་མཆེད་རྣམ་གསུམ་གྱི་ཆེ་བ་སྤྱི་རྟིང་འཁོར་ལོས་བསྒྱུར་བས། རེབ་གོང་གི་ཤར་རི་སྟག་མོ་ཉལ་འདྲའི་སྒང་དུ་ས་བཀྲ་ལེགས་པ་རྡོ་ཨརྒ་སྟག་སེང་ཁ་སྤྲོད་ཀྱི་སྟེང་ལྷ་བསང་ཕུད་དེ་ཐོག་མར་གཞི་བཟུང་ཞིང་། གནམ་རིམ་པ་གཡུང་དྲུང་དགུ་བརྩེགས་ལྟ་བུའི་གདོང་སྣར་ཁོང་གི་གདན་ས་སྒྲུབ་སྡེ་ཕྱག་བཏབ། སྐབས་དེར་ངོ་སྐྱི་ཁྱུང་གསུམ་གྱི་སྒྲུབ་སྡེ་དང་བོན་བསྟན་མི་ལོ་སུམ་བརྒྱའི་རིང་ལ་ཧ་ཅང་དར་རྒྱས་བྱུང་། 

དེ་ནས་རབ་བྱུང་བཞི་བའི་མགོར་སོག་པོས་བོད་ཁམས་སྤྱི་དབང་དུ་སྡུད་སྐབས་བཙན་དབང་གིས་བསྟན་པའི་གནས་གཞི་མང་པོ་མེད་པར་བཏང་བ་དང་། རིམ་བཞིན་བོད་ནང་ཁུལ་དུའང་གྲུབ་མཐའི་ཕྱོགས་ཞེན་དང་སྲིད་དབང་འཕྲོག་རྩོད་ཀྱིས་བོད་ཀྱི་བསྟན་པའི་གནས་གཞི་སོ་སོར་གནོད་སྐྱོན་ཚབས་ཆེན་ཐེབས། རབ་བྱུང་ལྔ་བའི་ནང་རོང་ཆེན་མེས་རྒན་ལྷ་རྗེ་བྲག་སྣ་བ་ཀུན་དགའ་དོན་གྲུབ་ཀྱི་གཏེར་ས་དང་གདུང་ས་འཚོལ་མཁན། སྔར་བྱོན་པའི་གྲུབ་དབང་སྤྱི་རྟིང་འཁོར་ལོས་བསྒྱུར་བའི་རྣམ་སྤྲུལ་གྲུབ་ཐོབ་བདེ་སྟོང་སྐྱིད་པའི་འཁོར་ལོའམ་སྐྱི་སྟོན་འཁོར་ལོ་ཞེས་གསང་སྔགས་ཀྱི་གྲུབ་བརྙེས་ཁྱད་པར་བ་དེ་བྱོན། དེས་ཀྱང་སའི་དཔྱད་ལེགས་པ་རྡོ་ཨརྒ་སྟག་སེང་ཁ་སྤྲོད་གནས་སའི་སྡེ་སྐྱི་ཨརྒ་སྟེང་སྡེ་བར་སྔར་གྲུབ་པའི་དབང་ཕྱུག་སྤྱི་རྟིང་འཁོར་ལོས་ཕྱག་བཏབ་པའི་སྒྲུབ་སྡེའི་ཤུལ་དུ་སྐྱི་ཨརྒ་སྟེང་ཐེག་ཆེན་བོན་འཁོར་ལྷུན་གྲུབ་གླིང་ཕྱག་བཏབ། དེར་འབྲེལ་སྐྱི་གད་པ་སྐྱིབས་ནས་གསང་སྔགས་རིག་འཛིན་དར་རྒྱས་གླིང་དང་། སྐྱི་གདོང་མགོ་ཚང་ནས་ཐེག་ཆེན་སྨིན་གྲོལ་རྒྱ་མཚོ་གླིང་། སྤྱི་དགོན་ཀུན་ཁྱབ་གཡུང་དྲུང་གླིང་སོགས་རིམ་བཞིན་བྱུང་སྟེ་གྲུབ་ཆེན་ཁོང་གི་རྣམ་སྤྲུལ་དང་གདུང་རྒྱུད། སློབ་བརྒྱུད་ན་རིམ་གསང་སྔགས་ཀྱི་སྒྲུབ་གཤེན་མཆོག་ལྡན་གང་མང་བྱོན། ལྷག་པར་དུ་རོང་སྟོན་ལྷ་རྗེ་བྲག་སྣ་བའི་རྒྱུད་ལ་རོང་བོ་ནང་སོ་ཞེས་གྲགས་པའི་དཔོན་རབས་རིམ་བྱོན་གྱིས་སྐྱི་ངོ་ཁྱུང་གསུམ་གྱི་སྒྲུབ་གཤེན་ཚད་ལྡན་རྣམས་དཔོན་དུ་བཀུར་ནས1958ལོའི་བར་དུ་སྐུ་བསྲུང་རིམ་གྲོ་མཛད་པ་ཀུན་གྱིས་ཤེས་གསལ་ལྟར་རོ།། དེ་བཞིན་གྲུབ་དབང་ཕྱུག་སྐྱི་སྟོན་འཁོར་ལོ་སྔ་ཕྱི་གཉིས་དང་དེའི་རྒྱུད་འཛིན་གསང་སྔགས་རིག་པ་འཛིན་པ་ནམ་མཁའི་སྐར་ཚོགས་ལྟར་བྱོན་པ་རྣམས་ཀྱིས་བྱིན་རླབས་དང་རབ་གནས་རིམ་པར་གནང་བའི་སྐྱི་ཨརྒ་སྟེང་སྟག་སེང་ཁ་སྤྲོད་འདི་ནི། སྔོན་གྱི་སྐྱེས་ཆེན་དམ་པ་རྣམས་ཀྱི་ཐུགས་སྨོན་ལྟར་བགྲང་བྱ་སྟོང་ཕྲག་དུ་མའི་རིང་ལ་རང་བྱུང་ཆར་ཆུས་གནོད་སྐྱོན་ཆེར་མ་ཐེབས་ཀྱང་། རིག་གསར་དང་སྡེ་མི་ཚོས་ལམ་སོགས་ལས་སྐབས་རང་བྱུང་མཁར་གྱི་གཡོན་གྱི་རྡོ་ཨརྒའི་སྟག་རང་བྱོན་དེར་གནོད་སྐྱོན་ཅུང་ཐེབས་ཡོད་ལ། གཡས་ཀྱི་རྡོ་ཨརྒ་སེང་གེ་རང་བྱོན་དེར་གནོད་སྐྱོན་ཅི་ཡང་མ་ཐེབས་པར་སྔོན་གྱི་ལོ་རྒྱུས་དང་བཅའ་ཡིག  གནའ་མིའི་ངག་རྒྱུན་སོགས་སུ་གསལ་བ་ལྟར་བརྗིད་ཉམས་ལྡན་པའི་ངང་གནས་སོ།། ལྷག་དོན་དུས་རབས་ཉེར་གཅིག་པ་དྲ་རྒྱའི་དུས་རབས་ནང་ཉེ་སྔོན་སྡེ་མི་ཆེ་གེ་མོས་རྡོ་ཨརྒ་སྟག་སེང་ཁ་སྤྲོད་དེ་པར་དུ་བསྐྱོན་ཏེ་ཁ་པར་གྱི་སྐུད་ལམ་དུ་བཀྲམ་པ་ན་ངོ་མ་ལྷའི་བཟོ་བོའི་སོར་རྩེ་ལས་འཁྲུངས་པ་ལྟ་བུའི་གསོན་ཉམས་ལྡན་པའི་སྟག་སེང་ཁ་སྤྲོད་དེར་དོ་སྣང་བྱ་མཁན་དང་ལྟ་སྐོར་བ་སྔར་བས་ཇེ་མང་དུ་ཕྱིན། ད་ལོ་སྲིད་གཞུང་གིས་ཀྱང་དེར་སྲུང་སྐྱོབ་དང་དེའི་ཁོར་ཡུག་ཏུ་བཀོད་ལེགས་ཐང་ཆེན་བཟོ་བའི་ལས་ལ་བྲེལ་བའི་སྐབས་འདིར། ཁོ་བོས་ཀྱང་རང་གི་ལྟེ་ཁྲག་འཕོ་སའི་ཕ་ཡུལ་གཡང་ལྡན་ཕྱུག་མོ་ན་འདི་འདྲའི་རང་བྱོན་རྡོ་ཨརྒ་སྟག་སེང་ཁ་སྤྲོད་ངོ་མཚར་བ་ཞིག་ཡོད་པ་དེ་རྒྱ་ཆེའི་ཀློག་པ་པོ་ཚོས་དོ་སྣང་དང་རྒྱུས་ལོན་ཆེད་ངོ་སྤྲོད་རགས་བསྡུས་ཙམ་ཞུས་པ་ལགས་སོ།།

རྩོམ་སྒྲིག་པ། རེབ་སྐྱིད་ཡར་འཕེལ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།