སྤྱི་རྟིང་ཀུན་ཁྱབ་གཡུང་དྲུང་བདུད་འདུལ་གླིང་དུ་རྣམ་པར་རྒྱལ་བའི་སྟོང་སྐུ་གདན་འདྲེན་བྱས་པ།

རྩོམ་པ་པོ། རེབ་སྐྱིད་ཡར་འཕེལ། རྩོམ་ཁུངས། རེབ་གོང་བོན་མང་དྲ་ཚིགས།

དེ་ཡང་སྤུ་རྒྱལ་ལྷ་སྲས་དར་མས་དབུས་སུ་བསྟན་པ་བསྣུབས་པའི་དུས་དེར་དབུས་ས་ག་གདོང་དྲུག་ནས་བྲོས་བྱོལ་དུ་ཕེབས་པའི་རེབ་གོང་གྲུབ་ཐོབ་རྣམ་གསུམ་ལས་སྤྱི་སྟོན་འཁོར་ལོས་བསྒྱུར་རྒྱལ་གྱི་གདུང་རྒྱུད་འཕེལ་ནས་སྒྲུབ་སྡེའི་གཞི་བཟུང་བའི་ཐོག་མ་ནི་རེབ་གོང་ཤར་ཕྱོགས་སྟག་མོ་ཉལ་བ་འདྲ་བའི་རི་རྒྱུད་ཀྱི་སྒང་དུ་ཆགས་པའི་སྤྱི་ཁ་གསུམ་གྱི་གསས་མཁར་རིག་འཛིན་འདུ་གནས་སྒར་ཡིན་ལ། ཕྱིས་སུ་ཡུལ་དུས་ཀྱི་དབང་གིས་ཁྱུང་ཆེན་རི་བོའམ་ཀུན་ཁྱབ་རི་བོའི་སྟེང་དུ་གནས་སྤར་ཏེ་གསང་སྔགས་ཀྱི་སྒྲུབ་སྡེ་དེ་དགོན་སྡེའི་ཚུལ་དུ་ཆགས་པ་ནས་མཚན་ལ་ཀུན་ཁྱབ་གཡུང་དྲུང་བདུད་འདུལ་གླིང་ཞེས་ཐོགས། དེར་སྤྱི་སྟོན་འཁོར་ལོའི་གདུང་རྒྱུད་ནས་རིམ་གྱིས་སྒྲུབ་བརྒྱུད་བསྟན་པའི་རྒྱུན་བསྐྱངས་པ་མ་ཟད། རྩེ་ཞིག་དྲུང་རམས་པ་ཤེས་རབ་རྣམ་རྒྱལ་དང་ཁོང་གི་སྐུ་ཚ་གྲུབ་དབང་འགྱུར་མེད་ཀུན་བཟང་རྒྱ་མཚོ། ཁྲི་ཀ་བ་མཁར་ནག་གྲུབ་ཆེན་ཤེས་རབ་ཚུལ་ཁྲིམས་དང་ཁོང་གི་དབོན་པོ་མཁར་ནག་ནམ་མཁའ་ཤེས་རབ། རྩེ་ཞིག་ཆོས་རྗེ་རྒྱལ་བ་ཚུལ་ཁྲིམས་དང་གང་གི་ཐུགས་སྤྲུལ་བོན་བརྒྱ་གཡུང་དྲུང་ཕུན་ཚོགས་མཁས་གྲུབ་འཇིགས་མེད་དབང་པོ།  སོ་ནག་བོན་པོ་གྲུབ་ཆེན་ཐོག་འཛིན་གར་གྱི་དབང་ཕྱུག  གྱང་རིའི་ཐུགས་རྗེ་དབང་འབུམ། སྤྱིའི་སྔགས་འཆང་འདྲེན་པ་ཀླུ་སྒྲུབ། བྱ་བཏང་བ་ཆེན་པོ་རྟོགས་ལྡན་རྣམ་གྲོལ་སོགས་ཀྱིས་ཞབས་ཀྱིས་བཅགས་ཤིང་བྱིན་གྱི་རླབས་མྱོང་བ་ཞིག་ཡིན་ལ།

སྤྱི་ལོ1987ལོར་ཆོས་རྗེ་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་རིན་པོ་ཆེ་མཆོག་གིས་སྒྲུབ་སྡེ་དེ་བསྐྱར་བཞེངས་སླར་གསོ་བགྱིས་ཏེ་སྒྲུབ་པའི་རྒྱལ་མཚན་གྱི་སྲོལ་གསར་དུ་བཙུགས་པ་དང་། བླ་མ་ཁོང་གི་ཐུགས་བཀོད་ལྟར་སློབ་བུ་སྔགས་འཆང་ཚེ་བརྟན་རྡོ་རྗེ་སྤྱི་ཀུན་ཁྱབ་གཡུང་དྲུང་བདུད་འདུལ་གླིང་དུ་བཞུགས་ནས་བོན་གཤེན་སློབ་བུ་སྐྱོང་དགོས་པའི་བཀའ་དབང་བསྩལ་བ་དང་། སློབ་བུ་ཁོང་གིས་ཀྱང་བླ་མ་རིན་པོ་ཆེའི་བཀའ་གསུང་དང་དུ་བླངས་ནས་སྔགས་འཆང་ཁོ་རང་སྐུ་ཚེ་ཧྲིལ་བོར་ཀུན་ཁྱབ་གཡུང་དྲུང་བདུད་འདུལ་གླིང་དུ་བཞུགས་ཏེ་བོན་གཤེན་སློབ་བུ་མང་པོ་བསྐྱངས་ནས་རེབ་གོང་བོན་མང་ལ་བྱས་རྗེས་མི་ཉུང་བ་ཞིག་བཞག་ཡོད།

ཕྱིས་སྤྱི་ལོ2015ལོར་སྙིགས་དུས་ཀྱི་འདྲེན་པ་ཆེན་པོ་དཔལ་སྐྱང་སྟོན་རྒྱལ་བའི་དབང་པོ་ནམ་མཁའ་ཚུལ་ཁྲིམས་བསྟན་འཛིན་རིན་པོ་ཆེ་མཆོག་ནས་དམངས་སྒོར་ཁྲི་བཞི་བཅུ་ལྷག་ཙམ་གྱིས་གནའ་བོའི་དགོན་རྙིང་སྤྱི་ཀུན་ཁྱབ་གཡུང་དྲུང་བདུད་འདུལ་གླིང་འདི་ཉིད་སླར་གསོ་རྒྱ་བསྐྱེད་གནང་སྟེ་འོག་སོ་གྱན་ཉེར་ལྔ་ཅན་གྱི་ཡང་སྟེང་དུ་རྒྱ་ཕིབས་བརྩེགས་རིམ་དང་བཅས་པའི་བཟོ་བཀོད་ཁྱད་དུ་འཕགས་པ་ཞིག་གསར་བཞེངས་ལེགས་གྲུབ་བྱུང་བ་དང་། དད་སྦྱིན་བདག་འགའ་ཡིས་གཙོ་སྐུ་ཆེན་པོ་རྣམ་པར་རྒྱལ་བ་དང་། ཤེས་རབ་སྨྲ་སྲེང་། ཚེ་དབང་། སྤྱི་འདུལ། འབུམ་པ་སོགས་ཀྱི་སྨན་སྐུ་ཡང་བཞེངས་འགྲུབ་བྱུང་།

སྤྱི་ལོ་2018ལོར་སྤྱི་ཁ་གསུམ་གྱི་མི་བུ་ལྷག་བསམ་ཅན་འགའ་ཡི་དབུ་ཁྱུད་འོག་སྡེ་མི་ཡོངས་ནས་འདུ་ཁང་ལ་ཤིང་ཚོན་འབུལ་བའི་གྲོས་ཁ་འཆམ་ཏེ་དད་ལྡན་སྡེ་མི་ཡོངས་ནས་ཡོད་ན་བརྒྱ་འབུལ་སྟོང་འབུལ་དང་མེད་ན་མེ་ཏོག་མཆོད་འབུལ་གྱི་ཚུལ་དུ་ཤིང་ཚོན་གྱི་ཞལ་འདེབས་དམངས་སྒོར་ཁྲི་ཕྲག་དགུ་བཅུ་ལྷག་གིས་ཚོན་མདངས་མཛེས་ལ་ཞིབ་ཚགས་ལྡན་པའི་ཤིང་རིས་ཡོངས་སུ་ལེགས་འགྲུབ་བྱུང་།

སྤྱི་ལོ་2019ལོར་སྤྱི་རྒྱ་མཚོ་དཔལ་གྱི་ནང་གསེས་མཁར་གོང་གི་སྔགས་འཆང་བསོད་ནམས་ཚེ་རིང་མཆོག་གིས་བསགས་པ་ཚོགས་སུ་སོང་ན་བསོད་ནམས་ཀྱི་དང་པོ་ཞེས་པ་ཐུགས་ལ་བཅངས་ཏེ་ད་ཐེངས་ཡང་ཀུན་ཁྱབ་གཡུང་དྲུང་བདུད་འདུལ་གླིང་གི་འདུ་ཁང་དུ་སངས་རྒྱས་སྟོང་གི་ཐུ་བོ་རྣམ་འདྲེན་བརྒྱད་པ་སྟོན་པ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བའི་སྐུ་སྟོང་ཕྲག་གཅིག་ཕུལ་བ་དང་། ཟླ་འདིའི་ཚེས3ནས་ཚེས12བར་དུ་བོན་བརྒྱ་དགོན་གྱི་སྒྲུབ་སྦྱོང་ཉམས་ལེན་ལ་མཐར་ཕྱིན་པའི་དགེ་སློང་བཅུ་ཕྲག་ལྷག་རང་ཁྱིམ་དུ་གདན་དྲངས་ནས་གཟུངས་བཞུགས་རྒྱས་འབུལ་གནངས།

ཚེས་13ཉིན་སྔགས་འཆང་ཁོང་གིས་གཡུང་དྲུང་བོན་གྱི་བསྟན་པའི་སྲོལ་འབྱེད་ཆེན་མོ་སྟོན་པ་གཤེན་རབ་མཆོག་གི་གསུང་པོ་ཏི་སྟོང་ཕྲག་གཅིག སྐུ་སྟོང་ཕྲག་གཅིག་བཅས་དབུ་རུ་བཞུགས་ནས་དྲིན་ཆེན་གྱི་རྩ་བའི་བླ་མ་བོན་བརྒྱ་རིན་པོ་ཆེ་མཆོག་གི་སྐུ་དྲིན་འཇལ་ཕྱིར་དང་མར་གྱུར་སེམས་ཅན་ཐམས་ཅད་ཀྱི་སྡིག་བསགས་ཡོད་དོ་ཅོག་མེ་ལོང་གི་གཡའ་དག་པ་ལྟར་ཡལ་ཏེ་མཐར་ཐུག་མངོན་པར་རྫོགས་པའི་སངས་རྒྱས་འཐོབ་པར་བྱ་བའི་ཕྱིར་དུ་སྟོང་མཆོད་རྒྱ་ཆེན་པོ་བཟུང་།

ཚེས་14ཉིན་སྟོན་པ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བའི་སྟོང་སྐུ་དང་སྔགས་འཆང་མཁའ་འབུམ་བྱམས་ལགས་ཀྱིས་ཕུལ་བའི་ཤེས་རབ་སྨྲ་བའི་སེང་གེའི་ལི་སྐུ་བརྒྱ་ཕྲག་ལྷག་བཅས་ཀུན་ཁྱབ་གཡུང་དྲུང་བདུད་འདུལ་གླིང་ལ་གདན་དྲངས།

སྙིགས་དུས་ཀྱི་འདྲེན་པ་ཆེན་པོ་དཔལ་སྐྱང་སྟོན་རྒྱལ་བའི་དབང་པོ་ནམ་མཁའ་ཚུལ་ཁྲིམས་བསྟན་འཛིན་རིན་པོ་ཆེ་མཆོག་གིས་སྟོང་སྐུ་ལ་རབ་གནས་མཛད་པ་དང་། ཀུན་ཁྱབ་སྒང་དུ་བཞུགས་ནས་སྤྱི་ཁ་གསུམ་ལ་བཀྲ་ཤིས་གཡང་འབོད་བྱས་ཏེ་ཐུགས་སྨོན་རྒྱ་ཆེན་པོ་བཏབས།

དེ་ནས་ཚེས་15ཉིན་ནི་སྤྱི་ཁ་གསུམ་གྱི་སྤྱི་བསང་ཆེན་མོ་ཡིན་པས་སྡེ་བ་སོ་སོ་ནས་རྩྭམ་པའི་གཡག་ལུག་རྭ་གསུམ་ཆེན་པོ་རེ་བཟོས་ཏེ་བསང་མཆོད་རྒྱ་ཆེན་པོ་བྱས་པ་དང་། སྤྱི་ཁ་གསུམ་གྱི་སྔགས་འཆང་རྣམས་ཀྱིས་ཀུན་ཁྱབ་གཡུང་དྲུང་བདུད་འདུལ་གླིང་དུ་བཞུགས་ནས་ཡི་དམ་འབུམ་པའི་ཚོགས་འཁོར་བསྐོར་བ་དང་།

རེབ་གོང་བོན་མང་གི་དགེ་སྐོས་ཆེན་མོ་ཚེ་དབང་རིག་འཛིན་གྱིས་ད་ཐེངས་ཀྱི་སྦྱིན་པའི་བདག་པོ་སྔགས་འཆང་བསོད་ནམས་ཚེ་རིང་དང་མཁའ་འབུམ་བྱམས་གཉིས་གཙོ་བྱས་པས་འདུ་ཁང་གསར་བཞེངས་སྐབས་ཀྱི་འགོ་མཇུག་བར་གསུམ་དུ་ཧུར་བརྩོན་བྱས་པའི་ཁ་འགོ་བ་དག་ལ་བཀའ་དྲིན་དང་ལེགས་སོའི་སྐྱབས་འཇུག་ཞུས་པ་དང་ལྷན་དུ་སྤྱི་ཀུན་ཁྱབ་གཡུང་དྲུང་བདུད་འདུལ་གླིང་གི་ཕྱིའི་བཀོད་པ་དང་ནང་གི་བསྟན་བཞེངས་ཡོངས་སུ་ལེགས་པར་གྲུབ་པའི་གནས་ཚུལ་རགས་བསྡུས་ཙམ་དུ་རེབ་སྐྱིད་ཡར་འཕེལ་ནས་ཕུལ་བའོ།།

རྩོམ་སྒྲིག་པ། རེབ་སྐྱིད་ཡར་འཕེལ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།