ཧི་བོན་ཟིན་བྲིས་ཤར་གཏོང་དང་འབྲེལ་བའི་གསལ་བརྡ།

ཧི་བོན་ཟིན་བྲིས་ཤར་གཏོང་དང་འབྲེལ་བའི་གསལ་བརྡ།
ཁྲི་བསོད་བསྟན།
172333517     དེ་ཡང་བསིལ་ལྡན་བོད་ཁམས་ཀྱི་ལྗོངས་འདིའི་ཤེས་རིག་ཀུན་ཀྱི་རྨང་གཞི་དང་ཐོག་མ་༧འཕྲུལ་ངག་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་འདི་ཉིད་ཡིན་པ་རྒྱལ་སྤྱིའི་བོད་རིག་པའི་དཔྱོད་ཤེས་པ་རྣམས་ཀྱིས་ད་ལྟ་མགྲིན་གཅིག་དབྱངས་གཅིག་གིས་གསལ་བཤད་བྱས་པ་བཞིན། བོན་ཀྱི་རིག་གནས་ཀྱང་རྒྱུན་ཆད་ཉམས་ང་མེད་པར་གོང་གནས་གོང་དུ་འཕེལ་བ་དང་ཕྱི་ནང་ཡུལ་གྲུ་ཀུན་ལ་ངོམས་རིན་ལས་ངོ་གནོངས་མི་དགོས་པར་ཕུན་སུམ་ཚོགས་པའི་ཐུན་མིན་གྱི་ཁྱད་བོན་དུ་མ་ལྡན་པའི་གྲུབ་མཐའ་ཞིག་ཏུ་འཁུམས་པས། དུས་རབས་གསར་བའི་བརྡ་འཕྲིན་གྱི་ཁྱབ་རྒྱ་ཆེ་རུ་འགྲོ་བ་དང་བསྟུན་༧བསྟན་པ་རིན་པོ་ཆེ་འདི་འཛམ་གླིང་ཡུལ་གྲུ་སོ་སོར་ཁྱབ་གདལ་དུ་གཏོང་བར་ཁ་ཕྱོགས་ཏེ་གཡུང་དྲུང་བོན་གྱི་རང་བཞིན་ངོ་སྤྲོད་དང་གནས་ཚུལ་འདོན་སྤེལ་གྱི་བྱེད་ཐབས་གལ་ཆེ་བར་དམིགས་ནས་རྩོམ་པ་པོ་དང་ཀློག་པ་པོ་རྣམས་ཀྱི་བསམ་བློའི་འཆར་སྒོ་ལྷུག་པར་གྲོལ་སའི་ཐུན་མོང་གི་རྩོམ་སྟེགས་ཤིག་འདོད་སྤྲོད་བྱས་ཏེ་༼ཧི་བོན་ཟིན་བྲིས༽འདི་སྒྲུབ་པ་ཡིན། ༼ཧི་བོན་ཟིན་བྲིས༽འདི་ལྷག་བསམ་གཏོང་ཕོད་ཅན་རེ་ཟུང་གི་རྒྱབ་སྐྱོར་ལ་བརྟེན་ནས་རྒྱལ་སྤྱིའི་ཨང་རྟགས་ཡོད་པའི་ཡིག་གཟུགས་བེད་སྤྱད་དེ་༼ཧི་མ་ལ་ཡའི་བོན་དྲ་ཚིགས༽ཀྱི་ཁོངས་གཏོགས་སུ་གསར་དུ་བཟོས་པ་ཡིན་ལ། གཙོ་བོར་དྲ་ཐོག་འདིར་རྩོམ་མཁན་དང་ཀློག་མཁན་གྱིས་འབྲེལ་ཟམ་འཛུགས་པར་ནུས་པ་ལྡན་ཞིང་གཞི་གཅིག་ཏུ་བསམ་བློ་བརྗེ་རེས་དང་རིགས་ལམ་གོ་བསྡུར་ལ་ཕན་ཐོགས་ངེས་ཅན་ལྡན་པས་ན། ཆོས་ལུགས་ཞིབ་འཇུག་གི་ལས་དོན་ལ་གདོང་ཕྱོགས་པའི་ཟིན་བྲིས་པ་དག་གིས་ཀྱང་ཕྱོགས་ལྷུང་གི་རིས་སུ་མ་ཆད་པར་དྲང་བདེན་གྱི་ཚངས་ཐིག་དཀྱུས་སུ་བཟུང་ནས་དོན་གཉེར་ཅན་ལ་དཔྱད་གཞིར་སྨན་པའི་རྩོམ་སྣ་གང་མང་དགྱེས་སྩོལ་གནང་རྒྱུ་དང་བོད་ཀྱི་ཤེས་རིག་ལས་དོན་འཕེལ་རྒྱས་ཐད་ནུས་པ་རེ་འདོན་རྒྱུ་སྙིང་ནས་ཞུ།
དྲ་གནས། ༼ཧི་མ་ལ་ཡའི་བོན་དྲ་ཚིགས༽ཀྱི་དྲ་གནས་www.himalayabon.comའདིའི་སྟེང་http://blog.himalayabon.comཁ་སྣོན་བྱེད་དགོས།
ཟིན་བྲིས་འཇུག་པ་པོ་ཀུན་ལ་གལ་དུ་ཞུ་རྒྱུ་ཞིག་ལ།
གཅིག ཟིན་བྲིས་འདིའི་གཙོ་ངོས་སུ་རང་བཞིན་གྱི་ལེ་ཚན་བཅུ་གཅིག་སྟེ། འཕྲིན་གསར་དང་གཡུང་དྲུང་བོན། ཞང་ཞུང་། ལོ་རྒྱུས། དཔྱད་གླེང་། ལེགས་རྩོམ། གསུང་རབ། ངོ་སྤྲོད། རང་མོས། འབེལ་གཏམ་བཅས་སུ་གྲུབ་པས་ཟིན་བྲིས་འཇུག་པ་པོ་ཀུན་ཀྱིས་རང་རང་གི་རྩོམ་ཡིག་གང་ལ་གང་འཚམས་ཀྱིས་ལེ་ཚན་ཁག་ཏུ་འཇུག་པར་བྱ།
གཉིས། ངེད་ཟིན་ཚོམས་སུ་ཞུགས་པའི་མི་སྒེར་གྱི་ཟིན་བྲིས་དག་ལས་འཁོད་པའི་རྩོམ་ཡིག་དང་ཆ་འཕྲིན་ལེགས་ཤོས་རྣམས་ངེད་ཅག་༼ཧི་མ་ལ་ཡའི་བོན་དྲ་ཚིགས༽སྟེང་འོས་སྦྱོར་གྱི་ཚུལ་དུ་བརྒྱུད་འགོད་བྱེད་རྒྱུ་དང་། ཡོངས་ཁུངས་ཟིན་བྲིས་ཀྱི་མིང་དང་རྩོམ་པ་པོ་སོགས་གསལ་བོར་འབྲི་རྒྱུ་ཡིན།
གསུམ། ཉིན་འགའི་རྗེས་ནས་ཟིན་བྲིས་མཁན་པོ་གཅིག་དང་ཁྱུ་མཆོག་ཟིན་བྲིས་ཞེས་ཟིན་བྲིས་བཅོ་ལྔ་འདེམས་རྒྱུ་ཡིན། ཁྱུ་མཆོག་ཟིན་བྲིས་འདེམས་དུས་ཟིན་བྲིས་ཀྱི་ཁ་ཕྱོགས་དང་རྩོམ་ཡིག་སྤེལ་གྲངས་ཀྱི་མང་ཉུང་། རྩོམ་ཡིག་གི་སྤུས་ལེགས་མིན་སོགས་ལ་དཔྱད་མཐར་བདམས་ཐོན་བྱེད་རྒྱུ་དང་ཟིན་བྲིས་སྤེལ་བ་བོའི་མི་སྣ་དག་གི་འདྲ་པར་དྲ་ངོས་སུ་ཡུན་རིང་བོར་འཆར་ཐུབ་པ་བྱེད་རྒྱུ་ཡིན།
བཞི། རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་དྲ་བའི་ལམ་ལུགས་དང་མི་འགལ་བར་ཆོས་གྲུབ་ཁག་ལ་བརྩི་བཀུར་སྒོས་མི་གཤིས་ཕན་ཚུན་བར་འཆལ་གཏམ་ཕུང་དཀྲུགས་ཀྱི་བྱ་སྤྱོད་ལས་རིང་དུ་བརྒལ་ནས་ཕན་སེམས་ཀྱི་རྩོམ་སྣ་དགྱེས་སྩོལ་གནང་བར་སྙིང་ནས་རེ། གལ་ཏེ་དེ་རིགས་བྱུང་བ་ཡིན་ན་ངེད་ཟིན་བྲིས་ཀྱི་ཉག་ཕྲ་བ་ཚེ་སྲོག་དེ་ཡང་ཡུན་རིང་དུ་བརྟན་ཐུབ་བྲལ་བས་དོ་དམ་པས་གཙང་བཤེར་སྒོས་རྩ་མེད་དུ་གཏོང་རྒྱུ་ཡིན་པས་དེ་ལུགས་མཛོད།
ལྔ། ངེད་༼ཧི་མ་ལ་ཡའི་བོན༽དྲ་ཚིགས་ལས་རྩོམ་གྱི་ཡོངས་ཁུངས་ངེད་དྲ་བར་འཁོད་པའི་རྩོམ་ཡིག་དག་གཞུང་སྒེར་དྲ་བ་དང་ཟིན་བྲིས་སུ་བེད་སྤྱོད་ཚེ་ངེས་པར་དུ་རྩོམ་གྱི་ཡོངས་ཁུངས་བདེན་དྲང་གིས་གསལ་བོར་འགོད་དགོས། ང་ཚོས་ཀྱང་དྲ་ངོས་དང་དེབ་སྟེང་གང་རུང་དུ་ཐད་བཤུས་བྱས་པ་ཡིན་ན་འོས་ཚོད་ཀྱིས་གསལ་བཤད་བྱས་ཡོད། དེ་ནི་དྲ་བ་དེར་བརྩི་བཀུར་དང་ལས་ཀར་གདེངས་འཇོག་བྱས་པའི་རྣམ་འགྱུར་ཞིག་ཏུ་མཚོན་ལ་འཛམ་གླིང་སྤྱི་བའི་ཐུན་མོང་གི་དྲ་བའི་སྒྲིག་སྲོལ་ཤིག་ཏུའང་གྲུབ་ཡོད་པས་དྲ་གྲོགས་ཀུན་ཀྱི་ཐུགས་འདུན་དང་འཚམས་པའི་སྨོན་འདུན་ཞུ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།