ཡར་ནང་བོན་སྡེ་ཁ་གསུམ་གྱི་ཞི་ཁྲོའི་སྒྲུབ་མཆོད་ཆེན་མོ་འཚོགས་པ།

རྩོམ་པ་པོ། སྐལ་བཟང་རྒྱ་མཚོ།

དེ་ཡང་འགྲོ་བ་སེམས་ཅན་ཡོངས་ཀྱི་འདྲེན་སྟོན་ཆེན་མོ། རང་ཅག་ཀུན་ལ་མེ་ཏོག་ཕོག་པའི་ལྷ་སྐལ་དུ་གྱུར་བའི་དཔོན་གསས་བླ་མ་དམ་པ་ཡིད་བཞིན་ནོར་བུ་སྐྱབས་རྗེ་མཁས་གྲུབ་བོན་བརྒྱ་ཐམས་ཅད་མཁྱེན་པ་༧དཔལ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་རིན་པོ་ཆེ་མཆོག་གིས་རེ་ཞིག་དགོངས་པ་གཞན་དུ་གཏད་ནས་མི་ལོ་གཅིག་འགོར་བའི་དུས་མཆོད་ཆེན་མོ་འདིར་བླ་མའི་སྐུ་དྲིན་གྱི་ཆ་ཙམ་གཞལ་ཕྱིར་ཡར་ནང་བོན་སྡེ་ཁ་གསུམ་གྱིས་༢༠༡༩ལོའི་ཟླ༧པའི་ཚེས༡ནས་བཟུང་ཉིན་གསུམ་ལ་བོན་བརྒྱ་གསང་སྔགས་རིན་ཆེན་དར་རྒྱས་གླིང་ནས་ཞི་ཁྲོའི་སྒྲུབ་མཆོད་ཆེན་མོ་འཚོགས་པ་དང་།

ཉིན་དང་པོར་དཔལ་སྐྱང་སྟོན་རྒྱལ་བའི་དབང་པོ་མཆོག་སྤྲུལ་ནམ་མཁའ་བསྟན་འཛིན་རིན་པོ་ཆེ་མཆོག་ཚོགས་དབུར་ཕེབས་ཏེ་བླ་མ་ཚེ་དབང་རིག་འཛིན་གྱི་དཀྱིལ་འཁོར་ཞལ་ཕྱེས་ནས་མར་མེ་མཆོད་འབུལ་དང་། ཚོགས་འཁོར་རྒྱ་ཆེར་བསྐོར་བ་དང་།

སྐྱང་སྤྲུལ་རིན་པོ་ཆེ་གཙོ་བྱས་བོན་བརྒྱ་བླ་བྲང་གི་ཕྱག་མཛོད་ཆེན་མོ་བསྟན་པ་དར་རྒྱས་དང་བོན་བརྒྱ་དགོན་པའི་ཀྲུའུརིན་སོ་ནག་གཡུང་དྲུང་བཅས་ཕེབས་ཏེ། ཐེངས་འདིའི་སྒྲུབ་མཆོད་ཀྱི་གཡུང་དྲུང་སློབ་དཔོན་འཇམ་དབྱངས་བཀྲ་ཤིས་དང་། དགེ་བསྐོས་ཆེན་མོ་ཚེ་རིང་བཀྲ་ཤིས། དབུ་མཛད་ཆེན་མོ་དཔལ་ལྡན་སྐྱབས། ཁ་འགོ་བ་བོན་བརྒྱའི་ལྷ་རྒྱལ། མག་གསར་ཀུན་བཟང་ཚེ་རིང། པདྨ་རྡོ་རྗེ། མདོ་བ་ཀུན་བཟང་ཚེ་རིང་། བོན་བརྒྱ་གཡུང་དྲུང་ཚེ་བརྟན་བཅས་ལ་སྤྱིར་གཡུང་དྲུང་བོན་གྱི་བསྟན་པའི་ལས་དོན་ཐུགས་ལ་འཛིན་པ་དང་སྒོས་སུ་ཡར་ནང་བོན་སྡེ་ཁ་གསུམ་གྱི་གསང་སྔགས་རིག་པ་འཛིན་པའི་སྡེ་འདི་ཇེ་རྒྱས་ཇེ་ལེགས་སུ་བཏང་བ་ལ་མ་འོངས་བར་ཁྱེད་ཅག་གི་ལས་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པའི་ཁ་གཡང་དང་བཅས་བཀྲ་ཤིས་པའི་ལྷ་དར་རེ་གནང་བ་དང་།

ཚེས༢ཉིན་ཕྱག་མཛོད་ཆེན་མོ་རྒན་བསྟན་པ་དར་རྒྱས་ཚོགས་དབུས་ཕེབས་ཏེ་ཞི་ཁྲོ་དམ་པ་རང་གྲོལ་གྱི་སྙན་བརྒྱུད་ལྟར་བག་ཆགས་རང་གྲོལ་གྱི་ཚོགས་འཁོར་རྒྱ་ཆེར་བསྐོར་བ་དང་། བོན་བརྒྱ་སྡེ་བའི་དད་ལྡན་ཕོ་མོ་ཡོངས་ཀྱིས་རང་གི་ཚོགས་བསགས་སྒྲིབ་སྦྱང་དུ་དམིགས་ཏེ།   ཚོགས་མང་ལ་བཞེས་བ་གྱ་ནོམ་པ་དྲངས་བ་དང་། སྐོར་ཕྱག་བཟླས་བརྗོད།  དགེ་སྒྲུབ་སྡིག་སྤོང་སོགས་རྣམ་དཀར་དགེ་བའི་བགྱི་བ་རྒྱ་ཆེར་སྤེལ།

ཚེས༣ཉིན་གསང་སྔགས་རིག་འཛིན་འདུས་བ་ཡོངས་ཀྱིས་ཞི་ཁྲོ་དམ་པ་རང་གྲོལ་གྱི་སྙན་བརྒྱུད་ལྟར་བདུད་རྩི་ཐིག་པའི་ཚོགས་འཁོར་བསྐོར་བ་དང་། བླ་མའི་གསོལ་འདེབས། ཚེ་དབང་སྨོན་ལམ། བསྟན་དར་སྨོན་ལམ་སོགས་དབྱིངས་སུ་གྱེར་ནས་བཀྲ་ཤིས་དང་བཅས་ད་ཐེངས་ཀྱི་སྒྲུབ་མཆོད་ཆེན་མོའི་མཇུག་ཡོངས་སུ་བསྡུས་སོ།།

ཡོང་ཁུངས། རེབ་གོང་བོན་མང་དྲ་ཚིགས།
རྩོམ་སྒྲིག་པ། རེབ་སྐྱིད་ཡར་འཕེལ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།