༧ མདོ་སྨད་བྱང་རྒྱུད་ཀྱི་གཤེན་གྱི་འདུས་སྡེ་ཆེན་མོ་བོན་བརྒྱ་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་ནས་ཕྱོགས་སུ་སྤེལ་བའི་གསལ་བརྡ།

རྩོམ་པ་པོ། དུས་མཆོད་བཀོད་བསྒྲིགས་ཚན་ཆུང་། རྩོམ་ཁུངས། རེབ་གོང་བོན་མང་དྲ་བ།

༧ མདོ་སྨད་བྱང་རྒྱུད་ཀྱི་གཤེན་གྱི་འདུས་སྡེ་ཆེན་མོ་བོན་བརྒྱ་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་ནས་ཕྱོགས་སུ་སྤེལ་བའི་གསལ་བརྡ།

དེ་ཡང་ལྷར་བཅས་འགྲོ་བའི་འདྲེན་སྟོན་ཆེན་མོ། སངས་རྒྱས་བསྟན་པའི་གསལ་བྱེད་དམ་པ། རིས་མེད་སྐྱེ་དགུའི་དཔུང་གཉེན་གཅིག་པུ།  རང་ཅག་ཀུན་གྱི་མེ་ཏོག་ཕོག་པའི་ལྷ་སྐལ།  དཔོན་གསས་བླ་མ་ཡིད་བཞིན་ནོར་བུ༧སྐྱབས་རྗེ་མཁས་གྲུབ་བོན་བརྒྱ་ཐམས་ཅད་མཁྱེན་པ་མཆོག་གིས་རེ་ཞིག་དགོངས་པ་གཞན་དུ་གཏད་ནས་མི་ལོ་གཅིག་འགོར་བའི་དུས་མཆོད་ཆེན་མོ། 2019ལོའི་ཧོར་ཟླ7པའི་ཚེས6-8བར་ཉིན་གསུམ་གྱི་རིང་ལ་སྐྱབས་མགོན་བླ་མའི་གདན་ས།  བོན་བརྒྱ་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་ནས།  བླ་སྤྲུལ་མཁན་གསུམ་གཙོས་རྣམ་དག་འདུལ་བ་འཛིན་པའི་སྡེ་དང་།  གསང་སྔགས་རིག་པ་འཛིན་པའི་སྡེ་བཅས་མདོར་ན་སྐྱབས་རྗེ་བླ་མ་དམ་པའི་སློབ་མ་དང་གདུལ་བྱ་རུ་གྱུར་ཚད་ཀྱི་དགོན་གྲོང་སེར་སྐྱ་རིས་སུ་མ་ཆད་པ་ལྷན་གཅིག་ཏུ་འཚོག་སྟེ་བླ་མ་ཚེ་དབང་རིག་འཛིན་གྱི་དཀྱིལ་འཁོར་ལ་བརྟེན་ནས། དཔོན་གསས་བླ་མ་མཉེས་པའི་ཐབས་དང་།  རང་གི་ཚོགས་བསགས་སྒྲིབ་སྦྱང་དུ་དམིགས་ཏེ།  མར་མེ་མཆོད་འབུལ། ཚོགས་འཁོར་བསྐང་བཤགས།  བསྐོར་ཕྱག་བཟླས་བརྗོད།  དགེ་སྒྲུབ་སྡིག་སྤོང་སོགས་རྣམ་དཀར་དགེ་བའི་བགྱི་བ་རྒྱ་ཆེར་སྤེལ་འཆར་ལགས་པ་མ་ཟད།  བླ་མའི་གསེར་གདུང་ཆེན་མོ་དང་འདྲ་སྐུ།གསུང་འབུམ། རྗེས་དྲན་ཆེད་དེབ་སོགས་ལེགས་འགྲུབ་བྱུང་སྟེ་རྟེན་མཇལ་མཆོད་འབུལ་བྱེད་པ་གཏན་འཁེལ་ལགས་ན།  གསེར་སྲང་སྟོང་གིས་མི་ཁུག་པའི་གོ་སྐབས་བཟང་པོ་དམ་འཛིན་བྱས་ཏེ་བླ་གྲྭ་སྔགས་འཆང་ཀུན་གྱིས་རང་རང་གི་ཞྭ་གོས་དཱར་སིལ།   དཔེ་ཆ་སོགས་ཚགས་སུ་ཆུད་པར་བྱས་ཏེ་ཕེབས་རྒྱུ་དང་།  མི་སྐྱ་ཕོ་མོ་དག་དད་པ་དག་སྣང་གིས་ཕེབས་ཏེ་མ་ཏྲི་སོགས་སྙིང་པོ་རྣམ་གསུམ་དང་བླ་མའི་གསོལ་འདེབས། ཚེ་དབང་སྨོན་ལམ་སོགས་དབྱངས་སུ་གྱེར་ཏེ་ཕྱག་དང་བསྐོར་བ་བྱེད་དགོས་པ་དང་།   སྐུ་མགྲོན་རྣམས་པས་རང་རང་གི་བདེ་འཇགས་ལ་རང་རང་གིས་འགན་ཁུར་བ་དང་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་གཏོར་བརླགས་མི་བྱེད་པ་དང་དགོན་པའི་ཁོར་ཡུག་ལ་གནོད་སྐྱོན་མི་བཟོ་བར་ལས་སྣེ་དང་བཀོད་སྒྲིག་ཚན་ཆུང་གི་བཀའ་ལྟར་འགྲིག་རང་ཁུར་དང་ཁྲིམས་རང་སྲུང་བྱེད་པར་སྙིང་ནས་ཞུ་བའོ།།

བོན་བརྒྱ་དགོན་པའི་བླ་གྲྭ་ཡོངས་དང་ཁ་འགོ་བ། དུས་མཆོད་བཀོད་སྒྲིག་ཚན་ཆུང་ནས། 2019ལོའི་ཧོར་ཟླ6པའི་ཚེས29ཉིན།

རྩོམ་སྒྲིག་པ རེབ་སྐྱིད་ཡར་འཕེལ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།