འབྲོག་སྡེ་སྤྱི་བ་གསུམ་གྱིས་ཡབ་རྗེ་བླ་མའི་དུས་མཆོད་བཟུང་བའི་གནས་ཚུལ་རགས་བསྡུས།

རྩོམ་པ་པོ། བོན་ཚོགས་བཀོད་སྒྲིག་ཚན་ཆུང་། ཡོང་ཁུངས། རེབ་གོང་བོན་མང་དྲ་ཚིགས།

མཚན་དཔེའི་དགེ་ལེགས་དཔལ་འབར་རྫོགས་པའི་སྐུ།།
རང་བྱུང་ལྷུན་གྲུབ་དབྱངས་ལྡན་ཚངས་པའི་གསུང་།།
བརྩེ་ཆེན་རྒྱ་མཚོའི་ཀློང་ཡངས་རྣམ་མཁྱེན་ཐུགས།།
མཚུངས་མེད་དཔོན་གསས་བླ་མས་དུས་ཀུན་སྐྱོངས།།

ལེགས་ཚོགས་ཀུན་འབྱུང་བྱིན་རླབས་དཔོན་གསས་རྗེ།།
འཕྲིན་ལས་ཀུན་སྐྱོང་དངོས་གྲུབ་ཡི་དམ་ལྷ།།
ཟུང་འཇུག་ཀུན་གྲོལ་གསང་ཡུམ་མཁའ་འགྲོ་མ།།
རྩ་གསུམ་ཀུན་འདུས་ངོ་བོར་ཕྱག་འཚལ་ལོ།།

དེ་ཡང་ཞྭ་དཀར་གཡུང་དྲུང་བོན་གྱི་མཁས་གྲུབ་བྱེ་བའི་གཙུག་རྒྱན་གསང་ཆེན་སྔགས་ཀྱི་དེད་དཔོན་ཆེན་མོ་རང་ཅག་ཐུན་མོང་གི་མེ་ཏོག་ཕོག་པའི་ལྷ་སྐལ་དུ་གྱུར་བའི་བཀའ་དྲིན་བཞི་རྫོགས་ཀྱི་དཔོན་གསས་བླ་མ་དམ་པ་༧སྐྱབས་རྗེ་བོན་བརྒྱ་རིན་པོ་ཆེ་མཆོག་གིས་གདུལ་བྱ་རྟག་འཛིན་ཅན་རྣམས་དགེ་ལ་བསྐུལ་ཕྱིར་དགོངས་པ་ཀ་དག་གི་ངོ་བོ་དབྱེར་མེད་བོན་ཉིད་ཀྱི་དབྱིངས་སུ་བསྡུས་པའི་ཚུལ་བསྟན་ཏེ་བགྲང་བྱ་གཅིག་འཁོར་བའི་དགོངས་རྫོགས་ཀྱི་དུས་མཆོད་ཁྱད་ཅན་ལ་དམིགས་ནས་འདྲེན་པ་གང་གི་ཐུགས་སྲས་དམ་པར་གྱུར་པ་བོན་བརྒྱ་ཡབ་སྲས་ཀྱི་གདུང་རྒྱུད་འཛིན་པའི་མཆོག་སྤྲུལ་སྐུ་སྐྱེས་ནམ་མཁའ་དྲི་མེད་ཉི་མ་རིན་པོ་ཆེའི་དབུ་ཁྲིད་དང་ཐུགས་བཀོད་འོག་འབྲོག་སྡེ་སྤྱི་བ་གསུམ་གྱི་གསང་སྔགས་རིག་པ་འཛིན་པའི་སྡེ་སྟེ།

བོན་བརྒྱ་ཆོས་ལུང་སྤྱི་བ་དང་། སོ་ནག་བོན་པོའི་སྤྱི་བ། བོན་བརྒྱའི་བོན་པོའི་སྤྱི་བ་སོགས་གོས་དཀར་ལྕང་ལོ་འཛིན་པའི་འདུས་སྡེ་ཐུན་མོང་གིས་བཀའ་གྲོས་སྒོས་ད་ལོ་ནས་དབུ་བཙུགས་ཏེ་གྲུབ་དབང་བོན་བརྒྱ་ཡབ་སྲས་ཀྱི་ཕྱག་ལེན་དྲི་མ་མེད་པ་གྱེར་སྒོམ་དབྱངས་རྟ་འཁྲུལ་བྲལ་གྱི་སྒོ་ནས་རིགས་བརྒྱའི་འདུས་གཙོ་མུ་ལ་སྒྲོན་གསལ་ཆེན་མོ་བླ་མ་ཚེ་དབང་རིག་འཛིན་གྱི་དཀྱིལ་འཁོར་རིན་པོ་ཆེའི་ཞལ་ཕྱེས་ཤིང་ཆོ་ག་འཕྲིན་ལས་ཀྱི་རིམ་པ་རྒྱས་པར་གསུངས་ཏེ་ཚོགས་འཁོར་མཆོད་སྦྱིན་གྱི་ཚོགས་བསགས་རྒྱ་ཆེར་སྤེལ་བའི་རྣམ་དཀར་ལེགས་བྱས་ཟབ་མོ་གང་ཞིག་བསྒྲུབས་པ་གཤམ་གསལ་ལྟར།

དུས་མཆོད་ཀྱི་ཉིན་དང་པོ་སྟེ་༢༠༡༩ལོའི་ཧོར་ཟླ་༦པའི་ཚེས་༢༨་ཉིན་གྱི་ཞོགས་པར་༧བོན་བརྒྱ་སྐུ་སྐྱེས་ནམ་མཁའ་དྲི་མེད་ཉི་མ་མཆོག་གིས་བླ་མ་རིན་པོ་ཆེའི་སྐུ་འདྲ་མཐོང་བ་རང་གྲོལ་མཐོར་བཏེགས་ཏེ་ཁོང་རིན་པོ་མཆོག་གི་ན་བཟའ་བྱིན་ཅན་སོགས་གསས་ཁང་ཆེན་མོའི་ནང་དུ་སྤྱན་འདྲེན་བྱས་ཤིང་།  བླ་མ་དང་བོན་མང་འདུས་པ་རྒྱ་མཚོ་ནས་ཚེ་དབང་བོད་ཡུལ་མའི་དཀྱིལ་འཁོར་གྱི་ཞལ་ཕྱེས་ཏེ་སྙན་བརྒྱུད་རིན་ཆེན་སྒྲོན་གསལ་གྱི་ཟབ་མོ་གཅོད་དང་སྦྲགས་ཏེ་ཚོགས་འཁོར་གྱི་རིམ་པ་རྒྱ་ཆེར་སྤེལ།

“ཀུན་ནས་བླ་མ་མཉེས་བྱས་པ།། བསོད་ནམས་ཚོགས་ཀྱི་མཐར་ཐུག་ཡིན།། ”ཞེས་གསུངས་པའི་ཕྱིར་ན། དཔོན་གསས་བླ་མ་ཐུགས་མཉེས་པའི་རྒྱུ་དང་རང་གཞན་ཀུན་གྱི་ཚོགས་བསགས་སྒྲིབ་སྦྱངས་ལ་དམིགས་ཏེ་ཉིན་དང་པོ་དང་གཉིས་པ་ལ་དགོན་སྡེ་འདི་ཡི་མཆོད་ཡོན་ལྷ་སྡེ་དཀར་པོ་བོན་བརྒྱ་ཆོས་ལུང་སྡེ་བ་ནས་བོན་མང་བརྒྱ་ཕྲག་ལྷག་ལ་མང་ཇ་དང་གསོལ་ཟས་སོགས་ཞབས་ཞུ་གང་ལེགས་བསྒྲུབས་ཤིང་སྦྱིན་བདག་ལུང་རྟོགས་ཉི་མ་དང་གསེར་བཟང་། རྒྱ་མཚོ། གཡུང་དྲུང་རྒྱལ་མཚན་སོགས་ཀྱིས་བོན་མང་ཡོངས་ལ་ཕྱག་འགྱེད་ཕུལ་ཞིང་ཚོགས་བསགས་བྱས།

ཉིན་གསུམ་པར་བསྟན་པ་དར་ཞིང་བསྟན་འཛིན་སྐྱེས་བུའི་ཚོགས་ཀྱི་ཞབས་པད་བརྟན་པ་དང་། མཁའ་མཉམ་སྐྱེ་འགྲོ་སེམས་ཅན་ཀུན་མི་འདོད་པའི་སྲིད་མཚོ་ལས་བསྒྲལ་ཞིང་འཕགས་མཆོག་བླ་མེད་ཀྱི་གོ་འཕང་ཐོབ་ཕྱིར།  རིག་འཛིན་སེམས་དཔའ་ཡོངས་ཀྱིས་ཚེ་དབང་བོད་ཡུལ་མའི་ཞི་རྒྱས་དབང་དྲག་གི་སྦྱིན་སྲེག་རྒྱས་པར་ཕུལ་བ་དང་བསྟུན། དམ་པ་གང་གི་ཐུགས་སྲས་ནམ་མཁའ་དྲི་མེད་ཉི་མ་མཆོག་གིས་བླ་མ་རིན་པོ་ཆེའི་སྐུ་དྲིན་བསམ་ཞིང་དད་མོས་ཆེན་པོས་རྩ་བའི་བླ་མ་མཆོག་གི་གསེར་ཁྲིའི་ཁར་ལྷ་དར་དང་དམངས་སྒོར་ཁྲི་གཅིག་ཕུལ། སྐུ་ཚ་སྤྲུལ་སྐུ་གཡུང་དྲུང་དབང་རྒྱལ་ཚང་ལ་གོས་ཆེན་དང་ལྷ་དར། དམངས་སྒོར་ལྔ་བརྒྱ། བླ་སྤྲུལ་རྣམ་པར་ལྷ་དར་གྱིས་ཐོག་དྲངས་ཏེ་དམངས་སྒོར་ཉིས་བརྒྱ། བོན་མང་ཞལ་གྲངས་ལྟར་སྒོར་བརྒྱ་རེ་ཕུལ་ཞིང་རྣམ་དཀར་ལེགས་ཚོགས་ཀྱི་བསྙེན་བཀུར་རླབས་ཆེན་མཛད།

མཇུག་མཐར་མཆོག་སྤྲུལ་ནམ་མཁའ་དྲི་མེད་ཉི་མ་ཚང་དང་སྐུ་ཚ་སྤྲུལ་སྐུ་གཡུང་དྲུང་དབང་རྒྱལ་ཚང་། རྟོགས་ལྡན་པཎྜི་ཏའི་ཡང་སྤྲུལ་ཨ་ལགས་ལྷ་དཀར་ཚང་བཅས་ཁོང་རྣམ་གསུམ་དབུ་བཞུགས་ཐོག་བོན་མང་རིག་འཛིན་འདུས་པ་རྒྱ་མཚོས་གདུགས་རྒྱལ་མཚན་དང་རྔ་གཤང་རོལ་མོ་སོགས་ཀྱིས་སྤྱན་འདྲེན་དང་གཤེན་ཕྲེང་བསྒྲིགས་ཏེ་གླིང་བསྐོར་བྱས་ཤིང་གཡུང་དྲུང་བོན་གྱི་བསྟན་པ་ཕྱོགས་བཅུ་ཀུན་ཏུ་དར་ཞིང་རྒྱས་ཕྱིར་བསྟན་པ་རྒྱས་པའི་སྨོན་ལམ་གསུངས་ལ་མཁའ་དབྱིངས་སུ་བཀྲ་ཤིས་པའི་འཇའ་གུར་རྣམ་པར་རྒྱས་ཏེ་ཕུན་སུམ་ཚོགས་པའི་རྟེན་འབྲེལ་གྱི་རྟགས་དང་མཚན་མ་རང་བཞིན་ལྷུན་གྱིས་གྲུབ་པ་དང་བཅས་དུས་མཆོད་ཆེན་མོའི་མཇུག་ལེགས་པར་གྲུབ་པའོ།།

རྩོམ་སྒྲིག་པ། རེབ་སྐྱིད་ཡར་འཕེལ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།