བོན་བརྒྱ་ཐམས་ཅད་མཁྱེན་པའི་དུས་མཆོད་ཀྱི་གནས་ཚུལ་རགས་བསྡུས། ༡

       དེ་ཡང་ལྷར་བཅས་འགྲོ་བའི་འདྲེན་སྟོན་ཆེན་མོ། སངས་རྒྱས་བསྟན་པའི་གསལ་བྱེད་དམ་པ། རིས་མེད་སྐྱེ་དགུའི་དཔུང་གཉེན་གཅིག་པུ།  རང་ཅག་ཀུན་གྱི་མེ་ཏོག་ཕོག་པའི་ལྷ་སྐལ།  དཔོན་གསས་བླ་མ་ཡིད་བཞིན་ནོར་བུ སྐྱབས་རྗེ་མཁས་གྲུབ་བོན་བརྒྱ་ཐམས་ཅད་མཁྱེན་པ་མཆོག་གིས་རེ་ཞིག་དགོངས་པ་གཞན་དུ་གཏད་ནས་མི་ལོ་གཅིག་འགོར་བའི་དུས་མཆོད་ཆེན་མོ། 2019 ལོའི་ཧོར་ཟླ 7 པའི་ཚེས 6-8 བར་ཉིན་གསུམ་གྱི་རིང་ལ་སྐྱབས་མགོན་བླ་མའི་གདན་ས།  བོན་བརྒྱ་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་ནས་འཚོག་རྒྱུའི་གསལ་བརྡ་སྤེལ་བ་ནང་བཞིན།  སྔོན་ལ་དུས་མཆོད་གྲ་སྒྲིག་གི་བྱ་བ་ཡོངས་རྫོགས་ཚགས་སུ་བཙུད་པ་སྟེ། ཐོག་མར་གསེར་དངུལ་གཡུ་བྱུར་ལ་སོགས་པའི་རིན་པོ་ཆེ་གྲངས་མེད་པས་རྣམ་པར་བརྒྱན་པའི། རྗེ་བླ་མའི་སྐུ་གདུང་མཆོད་རྟེན་ཆེན་མོ་དང་གསེར་སྐུ་ང་འདྲ་མ་གཉིས་སྔ་ཕྱིར་བལ་བོ་མཐིལ་ནས་ཡང་དག་པར་གྲུབ་སྟེ་རང་དགོན་སྨན་རིའི་གླིང་དུ་གདན་དྲངས། དེ་ནས་སྨན་སྣ་ལྔ་དང་བཟང་བོ་དྲུག རིན་ཆེན་ལྔ་དང་འབྲུ་སྣ་ལྔ། སྟོན་པའི་རིང་བསྲེལ་དང་། སྐྱང་སྤྲུལ་རིན་པོ་ཆེའི་རྟེན་སྣ་ཆིག་སྟོང་བདུན་བརྒྱའི་རྟེན་འདུས་རིལ་བུ། ཤར་རྫ་རིན་པོ་ཆེའི་དབུ་སྐྲ་དང་ན་བཟའ། ཁོང་ཐམས་ཅད་མཁྱེན་པའི་དབུ་སྐྲ་དང་ན་བཟའ་ཕྱག་ཕྲེང་རང་བསྲེལ་ལ་སོགས་པའི་རྟེན་སྣ་བྱིན་ཅན་མང་བོས་གཟུངས་བཞུགས་ལེགས་འབུལ་གནང་།

དེ་ནས་ཚེས 5 ཉིན། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་དེབ་སྤུས་ལེགས་སུ་དཔར་བའི་པོད་གྲངས་བཅུའི་བདག་ཉིད་ཅན་གྱི་རིན་པོ་ཆེའི་གསུང་འབུམ་དང་། རྩོམ་གྲངས་བརྒྱ་དང་བརྒྱད་ཅན་གྱི་བླ་མའི་རྗེས་དྲན་ཆེད་དེབ་རྣམས་མཉམ་གཅིག་ཏུ་དགོན་པའི་འདུ་ཁང་དུ་གདན་དྲངས། སེར་སྐྱ་རྒན་གཞོན་ཕོ་མོ་མང་བོས་སེར་ཕྲེང་དང་མ་ཏྲིའི་དབྱངས་སྙན་གྱིས་དད་པའི་བསུ་མ་བྱས། གདུང་བའི་མཆི་མ་བཞུར།

དེ་རིང་སྟེ་ཚེས 6 གི་ནངས་མོར། སྤྱི་རྟིང་རྒྱ་གོ་ཚང་ནས་དམངས་སྒོར་ཁྲི་ཉི་ཤུ་ལྷག་གིས་སྦྱིན་བདག་མཛད་པའི་གསེར་སྐུ་ང་འདྲ་མ་དེ། རིན་པོ་ཆེའི་ནང་ཆེན་ནས་ཚུར་འདུ་ཁང་དུ་གདན་དྲངས། བོན་བརྒྱ་སྨན་རིའི་གླིང་གི་གྲྭ་བཙུན་འདུས་རྒྱ་མཚོས་གཙོ་བྱས། རེབ་གོང་བོན་མང་གི་རིག་འཛིན་ཕུར་ཐོགས་རྣམས་དང་། ཡར་ནང་བོན་སྡེ་ཁ་གསུམ། འབྲོག་སྡེ་སྤྱི་བ་གསུམ། ཁྲི་ཀའི་སེར་རྒྱ་དང་སྟོང་ཆེ། དཔའ་ལུང་དང་སྣ་ར་ལ་སོགས། མདོ་སྨད་བྱང་རྒྱུད་ཀྱི་གོས་དཀར་ལྕང་ལོ་འཛིན་པའི་སྔགས་འཆང་མང་དུ་འདུས་པའི་ཚོགས་དབུར། སྐྱང་སྟོན་རྒྱལ་བའི་དབང་བོ་ནམ་མཁའ་བསྟན་འཛིན་རིན་པོ་ཆེ་དང་། སྐུ་སྐྱེས་ནམ་མཁའ་དྲི་མེད་ཉི་མ་རིན་པོ་ཆེ། སྤྲུལ་སྐུ་དཔལ་ཆེན་ཚང་། སྤྲུལ་སྐུ་གཡུང་དྲུང་དབང་རྒྱལ་ཚང་། མཁན་པོ་གཡུང་དྲུང་བསྟན་པ་ཚང་བཅས་སྐུ་དངོས་སུ་ཕེབས་ཏེ།  བླ་མ་ཚེ་དབང་རིག་འཛིན་གྱི་དཀྱིལ་འཁོར་ཞལ་ཕྱེས་ཏེ་ཚོགས་འཁོར་རྒྱ་ཆེར་བསྐོར།

དེ་དང་དུས་མཉམ་པར་ཁ་འགོ་བ་རྣམ་པས་དཀའ་བའི་ཁུར་བླངས། བདེན་པའི་རྒྱབ་སྐྱོར། ལེགས་པའི་ཁ་བཀོད་མཛད་ནས་དད་འབངས་ལས་ལ་བསྐུལ་ཏེ། རྗེ་བླ་མ་ཐམས་ཅད་མཁྱེན་པའི་མཆོད་ཁང་གསར་དུ་བཞེངས་པའི་ཀ་བ་གསར་དུ་བསླངས་ཤིང་གདུང་མ་ལྷན་དུ་སྦྲེལ། རྣམ་དཀར་འཕྲིན་ལས་ཀྱི་ཉིན་བྱེད་འདྲེན་པའི་སྐྱ་རེངས་དང་པོ་མདུན་དུ་བསུས།

དེ་རྗེས། རྗེ་བླ་མའི་གསུང་འབུམ་རྩོམ་སྒྲིག་པ་ཚུལ་ཁྲིམས་བསྟན་པ་འབྲུག་གྲགས་དང་། ཁྲི་བསོད་བསྟན། བོན་བརྒྱ་བཀྲ་ཤིས་ཚེ་རིང་གསུམ་གྱིས། བླ་མ་མཁན་པོ་དང་གྲྭ་བཙུན་འདུས་པ་རྒྱ་མཚོར་གསུང་འབུམ་ཆ་ཚང་རེའི་སྐུ་འགྱེད་བརྒྱབ། དེ་ནས་ཐེངས་འདིའི་རྗེས་དྲན་ཆེད་དེབ་ཀྱི་རྩོམ་སྒྲིག་པ་ཁྱུང་དཀར་ཟླ་བ་དང་། ཁྱུང་བཟང་། རེབ་སྐྱིད་ཡར་འཕེལ་གསུམ་པོས། བླ་མ་གྲྭ་ཚང་དང་བོན་མང་གསས་ཁང་། ནང་ཆེན། སློབ་གླིང་། ལོ་མཚམས་པ། ཁ་འགོ་བ། དེ་མིན་ཨ་ལགས་ཁྱུང་མོ་ཚང་དང་། ཨ་ལགས་ཟླ་བ་ཚང་སོགས་ལ་རྗེས་དྲན་ཆེད་དེབ་ལེགས་འབུལ་བགྱིས།

ས་སྲོད་ཀྱི་དུས་སུ་དགེ་སྤུན་ཚོགས་པས་སྣེ་ཁྲིད་སྦྱིན་བདག་གིས་ཁྲི་མཆོད་བཞག་སྟེ། བླ་མ་གྲྭ་ཚང་དང་རིག་འཛིན་ཕུར་ཐོགས་སྟོང་དང་དགུ་བརྒྱ། སྨྱུང་གནས་པ་བཅུ་ཕྲག་དུ་མ། དད་ལྡན་ཕོ་མོ་བརྒྱ་ཕྲག་མང་བོ་དང་བཅས་པས་སྨོན་ལམ་རྒྱ་ཆེར་གསུངས་ཤིང་ཕྱག་བསྐོར་མཚན་བསྐོར་བྱས་པ་བཅས་ནི་དུས་མཆོད་ཀྱི་ཉིན་དང་པོའི་གནས་ཚུལ་རགས་བསྡུས་སོ།།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།