བོན་བརྒྱ་ཐམས་ཅད་མཁྱེན་པའི་དུས་མཆོད་ཀྱི་གནས་ཚུལ་རགས་བསྡུས། ༢-༣

རྩོམ་ཁུངས། རེབ་གོང་བོན་མང་དྲ་བ།

ཚེས་བདུན་ཉིན་གྱི་ཞོགས་པར་བླ་མ་སྐྱང་སྟོན་རྒྱལ་བའི་དབང་པོ་ནམ་མཁའ་བསྟན་འཛིན་རིན་པོ་ཆེ་དང་བོན་བརྒྱའི་སྐུ་སྐྱེ་དྲི་མེད་ཉི་མ་རིན་པོ་ཆེ། སྤྲུལ་སྐུ་དཔལ་ཆེན་ཚང་དང་སྤྲུལ་སྐུ་གཡུང་དྲུང་དབང་རྒྱལ་ཚང་། མཁན་པོ་གཡུང་དྲུང་བསྟན་པ་ཚང་བཅས་ཚོགས་དབུར་ཕེབས་བཞུགས་གནང་ཐོག་གྲྭ་བཙུན་འདུས་པ་རྒྱ་མཚོ་དང་བོན་གཤེན་རིག་པ་འཛིན་པའི་སྡེ་རྣམས་ཀྱིས་བླ་མ་ཚེ་དབང་རིག་འཛིན་གྱི་ཚོགས་འཁོར་རྒྱ་ཆེར་བསྐོར།

དད་ལྡན་བོན་འབངས་རྣམས་ཀྱིས་སྐབས་རེར་མ་ཏྲི་སྨོན་ལམ་དབྱངས་གྱེར་དང་ཕྱག་འཚལ་བསྐོར་བ་བྱེད་ཅིང་། སྐབས་རེར་ཁ་འགོ་བ་རྣམས་ཀྱི་བཀའ་བཀོད་བཞིན་མཆོད་ཁང་གསར་བཞེངས་ཀྱི་ཤིང་ཆ་སྐྱེལ་བའི་ལས་ལ་ཞུགས་ཏེ་རྣམ་དཀར་དགེ་བའི་ཚོགས་བསགས་ཀྱི་ལས་ལ་བྲེལ།

ཚེས་བརྒྱད་ཉིན་སྔར་བཞིན་སྐྱབས་ཀྱི་དམ་པ་བླ་མ་སྤྲུལ་སྐུའི་སྡེ་དང་ངུར་སྨིག་འདུལ་བ་འཛིན་པའི་གྲྭ་བཙུན་གྱི་སྡེ། གོས་དཀར་ལྕང་ལོ་འཛིན་པའི་སྔགས་འཆང་གི་སྡེ་རྣམས་ཀྱིས་བླ་མ་ཚེ་དབང་རིག་འཛིན་གྱི་ཚོགས་འཁོར་རྒྱ་ཆེར་བསྐོར་བ་དང་། བོན་གཤེན་དགེ་བསྙེན་མ་བཅུ་ཕྲག་ལྷག་གིས་དགེ་སློང་བསྟན་པ་དར་རྒྱས་ཚང་དང་ལྷན་དུ་བཀྲ་ཤིས་སྒོ་མང་མཆོད་རྟེན་ནས་ཚེ་དབང་བོད་ཡུལ་མིའི་ཚོགས་འཁོར་རྒྱས་པར་བསྐོར།

ཁ་འགོ་བ་རྣམས་དང་དད་ལྡན་མང་ཚོགས་རྣམས་ཀྱིས་སྔ་ཉིན་བཞིན་ཕྱག་འཚལ་མཆོད་འབུལ་དང་ཤིང་ཆ་འཁུར་སྐྱེལ་གནང་སྟེ་ཚོགས་བསགས་ཀྱི་ལས་ལ་བརྩོན་པ་རྒྱུན་མཐུད་མཛད།

ཕྱི་དྲོའི་ཆར་བླ་མ་སྐྱང་སྟོན་རྒྱལ་བའི་དབང་པོ་ནམ་མཁའ་བསྟན་འཛིན་རིན་པོ་ཆེས་དགོན་པ་གྲྭ་ཚང་དང་བཅས་པའི་ཚབ་བྱས་ཏེ་གསེར་སྐུ་ང་འདྲ་མ་དང་རྗེ་བླ་མའི་གསེར་གདུང་། གསུང་འབུམ་དང་རྗེས་དྲན་ཆེད་དེབ་བཅས་སྐུ་གསུང་ཐུགས་གསུམ་གྱི་རྟེན་མཆོག་རྣམས་དུས་གཅིག་ཏུ་ལེགས་འགྲུབ་བྱུང་བར་འབྲེལ་ཡོད་མི་སྣ་ཡོངས་ལ་བཀའ་དྲིན་ཞུས་ཤིང་། སླར་མའི་ཆར་ཡང་ད་ལོ་ནང་བཞིན་བླ་སྤྲུལ་སེར་སྐྱ་ཕོ་མོ་རྒན་གཞོན་དང་བཅས་པ་དུས་ལྟར་རྗེ་བླ་མ་བོན་བརྒྱ་རིན་པོ་ཆེའི་གདན་ས་བོན་བརྒྱ་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་དུ་རྒྱས་འཛོམས་ཀྱིས་ཚོགས་མཆོད་རྒྱས་འབུལ་གྱིས་དུས་མཆོད་ཀྱི་རྒྱུན་མ་ཉམས་པ་གནང་རྒྱུའི་འཆར་བཀོད་སྤྱི་བསྒྲགས་དང་། དགོན་པའི་དགེ་སློང་རྒན་པ་དག་གིས་ཀྱང་ལྷ་སྡེའི་བོན་འབངས་ཡོངས་ལ་སྔོན་འགྲོའི་རྒྱུན་ལེགས་པར་སྤེལ་གནང་ཐུབ་རྒྱུ་དང་རང་རེ་བོན་འབངས་ཡོངས་ནས་ཀྱང་ཐུགས་མཐུན་ཁྲིམས་གཙང་ཡོང་བ་གནང་རྒྱུའི་རེ་བ་ནན་ཞུ་གནང་། དེའི་འཕྲོར་བོན་བརྒྱའི་སྐུ་སྐྱེ་དྲི་མེད་ཉི་མ་རིན་པོ་ཆེ་ནས་ཀྱང་གལ་བོ་ཆེ་ལ་ནན་ཏན་གྱི་ཚུལ་གྱིས་དུས་རྣམ་ཀུན་ཏུ་ཐུགས་མཐུན་ཁྲིམས་གཙང་དང་ཚོགས་བསགས་དགེ་སྒྲུབ་ཀྱིས་བླ་མའི་ཐུགས་ཟིན་པ་གནང་དགོས་ངེས་ཀྱི་གསུངས་བཤད་རྒྱས་པར་གནང་བ་དང་བཅས་རྗེ་ཐམས་ཅད་མཁྱེན་པ་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་རིན་པོ་ཆེའི་དུས་མཆོད་ཆེན་མོ་ཡོངས་སུ་མཇུག་ལེགས་པར་གྲུབ་པའི་གནས་ཚུལ་རགས་བསྡུས་ཙམ་མོ། །

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།