སྐྱང་སྤྲུལ་རིན་པོ་ཆེ་རང་དགོན་དུ་ཕེབས་ནས་མཆོད་ཁང་གསར་བཞེངས་ལ་གཟིགས་ཞིབ་གནང་བ།

སྐྱབས་རྗེ་བླ་མ་དཔལ་སྐྱང་སྟོན་རྒྱལ་བའི་དབང་པོ་ནམ་མཁའ་བསྟན་འཛིན་རིན་པོ་ཆེ་རང་དགོན་བོན་བརྒྱ་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་དུ་ཕྱག་ཕེབས་གནང་སྟེ་མཆོད་ཁང་གསར་བཞེངས་ཀྱི་གནས་ཚུལ་ལ་གཟིགས་ཞིབ་གནང་ཞིང་། མཁན་པོ་བསྟན་པའི་ཉི་མ་མཆོག་དང་མག་སར་ལྷ་མོ་སྐྱབས་རྣམ་གཉིས་ནས་མགོ་རྔ་བར་གསུམ་གྱི་འཆར་བཀོད་སོགས་གསལ་བཤད་ཞིབ་རྒྱས་གནང་བ་དང་ཆབས་ཅིག་ཕྱིས་ཀྱི་བྱ་བའི་ཐད་བཀའ་འདྲི་གནང་། བླ་མ་རིན་པོ་ཆེ་ནས་ཀྱང་དགོན་གྲོང་གཉིས་ཀྱི་ལས་འཛིན་པ་རྣམས་ཀྱིས་ལོ་ཧྲིལ་བོར་རང་དོན་རྒྱབ་བསྐྱུར་གྱིས་འགན་གཙང་ལེན་བགྱིས་པའི་བཀའ་དྲིན་སྐུ་དྲིན་གྱིས་ད་ལྟའི་འདི་འདྲ་ཞིག་ལེགས་འགྲུབ་བྱུང་བ་ལ་ཐུགས་རྗེ་ལེགས་གསོལ་ཡང་ཡང་ཞུས་ཏེ་ཐུགས་དགྱེས་དགྱེས་གནང་། 

དེ་དང་མཉམ་དུ་རྗེ་བླ་མ་བོན་བརྒྱ་ཐམས་ཅད་མཁྱེན་པའི་བླ་བྲང་དུ་ཕེབས་ནས་གདུང་ཤུགས་དྲག་པོས་གསོལ་འདེབས་དང་སྐྱབས་འཇུག་གནད་སྨིན་ཞུས།

མཆོད་ཁང་གསར་བཞེངས་ལ་མཚོན་ན་མི་ཤུགས་དང་རྒྱུ་ཤུགས་གཉིས་ཐད་ནས་ཤིན་ཏུ་ཚེགས་ཆེ་བ་ཞིག་ཡིན་པས། བླ་མ་སྐྱང་སྤྲུལ་རིན་པོ་ཆེ་ནས་ཀྱང་ཟླ་ངོ་གཅིག་ལྷག་གི་རིང་ལ་སྟག་ལྷའི་བསྲུང་ཟློག་དང་བསྐང་གསོལ་འཕྲིན་བཅོལ་ཆག་མེད་གནང་ཞིང་། དེ་རིང་ཕྱི་དྲོའི་ཆར་ཡང་བོན་གཤེན་སྔགས་འཆང་གཅོད་པ་ཐར་དང་མཉམ་དུ་སྲིད་པའི་བརྔན་བསང་ཆེན་མོ་བཀྱག་སྟེ་སྐྱབས་འཇུག་སྨོན་ལམ་ཞུས་པའི་གནས་ཚུལ་རགས་བསྡུས་སུ་སྤེལ་བའོ།།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།