གསལ་བསྒྲགས།

    སྤྱི་ལོ ༢༠༠༨ ལོའི་ཟླ ༤ བའི་ནང་དྲ་བ་འདི་ཉིད་དངོས་སུ་ཤར་གཏོང་བྱས་པ་ནས་ད་ལྟའི་བར་དུ་མི་ལོ་ཧྲིལ་བོ་གསུམ་ལྷག་འགོར་འདུག ལོ་གསུམ་པོ་འདིར་ཕྱི་མིག་ཅིག་འཕེན་དུས་མེད་པ་གསར་དུ་བཏོད་པའི་དགའ་བ་ཞིག་ངང་གིས་རྒྱས་ཤིང་། དེ་དང་ལྷན་དུ་ད་རུང་ཅི་ཞིག་མ་འགྲུབ་པའི་སེམས་ཚེགས་ཤིག་ཀྱང་ཁད་ཀྱིས་རྟས་ཡོང་། དེ་ཡང་དགའ་བའི་རྒྱུ་མཚན་ནི་ལས་ཀ་འདིའི་ཐོག་མཐའ་བར་གསུམ་དུ་བོན་མང་གཞུང་དང་བོད་ཕྱི་ནང་གི་བོན་གྱི་བླ་སྤྲུལ་དགེ་བཤེས་མང་བོ་ཞིག་གི་བླ་ན་མེད་པའི་ཐུགས་ཁུར་དང་རྒྱབ་སྐྱོར་ཐོབ་སྟེ་སྔར་མེད་པའི་རྒྱུ་མཐུན་གྱི་འབྲས་བུ་མངོན་གསལ་ཅིག་ལག་ཏུ་ལོན་ཡོད་པས་ཡིན་ལ། སེམས་ཚེགས་འབྱུང་དོན་ནི་དྲ་བ་འདིས་ད་རུང་བོན་གྱི་རིག་གནས་ཧྲིལ་བོའི་ངོས་ནས་བཤད་ན་ཆ་ཤས་ཀྱི་ཡང་ཤས་ཙམ་ལས་རྔོག་འདོན་འགྲེམ་སྤེལ་བྱེད་ཐུབ་མེད་པར་མ་ཟད། དྲ་བ་རང་ལ་རང་གི་ཁྱད་གཤིས་གྲུབ་མེད་ལ། དྲ་བའི་ཤོང་ཚད་དང་རྣམ་པ། གྲངས་འབོར། སྤུས་ཀ་སོགས་གང་གི་ཆར་ཡང་ཆུང་དང་ཞན་དང་ཉུང་གི་དྲི་མས་ཀུན་ནས་བསླད་འདུག་པས་ཡིན། དེ་བས་འདིར་ངེད་ཅག་དོ་དམ་པ་དག་གིས་ཆེད་དུ་དྲ་བ་འདིར་དྲི་བ་དྲིས་ལན་གྱི་ལེ་ཚན་ཞིག་གསར་དུ་ཁ་སྣོན་བྱེད་རྒྱུ་ཡིན། དེའི་རྒྱུ་མཚན་མི་ནི་རྒྱུན་པར་དོགས་པའི་ཀློང་དུ་འཚོ་ཞིང་། བྱ་དངོས་ཀྱི་སྣང་ཚུལ་གང་ཞིག་ལ་དོགས་པ་ཟ་བ་དེ་ཉིད་དོན་ལ་བྱ་དངོས་གང་དེ་ཤེས་རྟོགས་དང་ཞིབ་འཇུག་བྱེད་པའི་ཐོག་མའི་ཉེར་ལེན་དུ་གྲུབ་ལ། གང་སུའི་རྒྱུད་ཀྱི་དོགས་པ་སེལ་བའི་མྱུར་ལམ་ཡང་དྲི་བ་དྲིས་ལན་གྱི་ཐབས་འདི་ག་ལགས་པས། ཤེས་འདོད་ཀྱིས་ཀུན་ནས་གཟིར་བའི་དད་ལྡན་སློབ་གཉེར་བ་དང་། དོགས་དཔྱོད་ཀྱི་བློ་མིག་ཆེ་རུ་བགྲད་པའི་ཞིབ་འཇུག་པ་སུ་ཡིན་ཡང་། སོ་སོས་བོན་དང་འབྲེལ་བའི་གནད་དོན་ཁག་དྲི་བར་བཏོན་ཚེ། ང་ཚོས་བོན་གྱི་མཁས་དབང་རྣམ་པར་འབྲེལ་གཏུག་གིས་དྲིས་ལན་སྐྱོན་ཏེ་རྒྱ་ཆེའི་རིག་གནས་དོན་གཉེར་ཅན་དག་ལ་ཞབས་འདེགས་ཕྲན་བུ་བསྒྲུབ་རྒྱུ་ནི་ལེ་ཚན་འདིའི་ཁ་ཕྱོགས་གཙོ་བོར་འཛིན་རྩིས་ཡོད། ཡིན་ན་ཡང་ང་ཚོ་རང་ཉིད་རང་ལ་ཆ་རྒྱུས་ཡོད་པས་ལེ་ཚན་འདི་སྒྲུབ་པར་ཀུན་སློང་ངན་པས་ཅོ་འདྲི་བའི་རིགས་དང་། ཕྲག་དོག་གི་ཚེར་མ་གཟེངས་མཐོ་བའི་རིགས། ཉོག་གཏམ་གྱི་འཁོར་ལོ་རྩུབ་ཆེ་བའི་རིགས། ཕུང་དཀྲུག་གི་ཉོག་ཁེམ་ཐལ་ཆེ་བའི་རིགས་ཀྱང་དྲ་མིང་སྣ་ཚོགས་ཀྱི་ཁོང་དུ་ཡིབ་ནས་སྤྲུལ་བའི་ཟློས་གར་མང་དུ་བསྒྱུར་བར་གདོན་མི་ཟ་བས། འདིར་མི་དེའི་རིགས་ལ་ཁ་ཡ་གང་ཡང་མི་བྱེད་ཅིང་། དྲི་བ་ལས་ཀྱང་གང་ཡིན་ཚང་མར་ལན་སློག་རྒྱུ་མིན་པར་གལ་ཆེ་ཆེའི་རིགས་གནད་དུ་འཛིན་རྒྱུ་ཡིན་ཞེས་གསལ་བསྒྲགས་སྤེལ་བ་ཡིན་ལ། རྒྱ་ཆེའི་ཀློག་མཁན་དག་གིས་ཀྱང་རང་ལ་དོགས་གནད་གང་ཡོད་རྩོམ་ཡིག་འདིའི་གཤམ་གྱི་དཔྱད་མཆན་འགོད་སའི་དྲ་མིག་ཏུ་རིམ་པར་བཀོད་ཆོག་ལ། ༼ ངེད་ཀྱི་སྐོར ༽ཞེས་པའི་ལེ་ཚན་དུ་གསལ་བའི་གཙོ་སྒྲིག་པའི་ཡིག་སྒམ་དུ་བསྐུར་ཡང་ཆོག་པ་བཅས་ཐུགས་འཇགས་ངང་ངེད་དྲ་བར་རྒྱབ་སྐྱོར་གནང་རྒྱུའི་རེ་བ་སྙིང་ནས་ཞུའོ།།

རྩོམ་བསྐུར་ཡུལ། liamrgbm@yahoo.com.cn                                           ཞེས་རེབ་གོང་བོན་མང་དྲ་བས། ༢༠༡༡ ལོའི་ཟླ ༧ ཚེས ༡༠ ཉིན།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།