རྩེ་ཞིག་དགོན་དུ་བོན་བརྒྱ་རིན་པོ་ཆེའི་དུས་མཆོད་ལ་འཚོགས་པ།

རྩོམ་པ་པོ། རྩེ་འོད་སྣང་།  ཡོང་ཁུངས། རེབ་གོང་བོན་མང་དྲ་བ།

མདོ་སྨད་གཤེན་བསྟན་འཁུར་དུ་བཞེས་པའི་ཁྱུང་དཀར་རྒྱས་སྲས་བོན་བརྒྱ་བ།།
སྐུ་ཡི་བཀོད་པ་ཞིང་འདིར་མ་བཞུགས་བགྲང་བྱ་ཧྲིལ་བོ་གཅིག་ཀྱང་འདས།།
ཡིན་ཡང་ཁྱེད་སྐུའི་བཀའ་དྲིན་ཟབ་མོ་བོན་འབངས་ཀུན་གྱི་སེམས་སུ་གསལ།།
མི་བརྗེད་དྲན་པ་རང་དབང་མ་མཆིས་མཚུངས་མེད་བླ་མ་ཁྱེད་སྐུ་དྲན།།

དེ་ཡང་མདོ་སྨད་བྱང་རྒྱུད་གཡུང་དྲུང་བོན་གྱི་བསྟན་པའི་སྲོག་ཤིང་མཚུངས་ཟླ་མ་མཆིས་པ། མདོ་སྨད་སྨྲ་སེང་རྣམ་གསུམ་གྱི་ཡ་གྱལ་སྐྱབས་རྗེ་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་མཆོག་གཟུགས་སྐུའི་བཀོད་པ་བོན་དབྱིངས་སུ་བསྡུས་ནས་བགྲང་བྱ་ཧྲིལ་བོ་གཅིག་འཁོར་ཞིང་། དེར་བརྟེན་ངེད་དཔལ་གཤེན་བསྟན་རྩེ་ཞིག་དགོན་དུ་ཡང་གདུང་སེམས་མཉམ་བསྐྱེད་ཀྱི་ཚུལ་དུ་ཟླ༧་ཚེས༦་ཉིན་སྔ་མོ་གྲྭ་ཚང་འདུས་སྡེ་ནས་གཅོད་པའི་སྟོང་མཆོད་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ཐོག རྣམ་ལྔའི་མཆོད་པ་དང་རིན་པོ་ཆེ་ཁོང་གི་གསོལ་འདེབས་སོགས་གདུང་དབྱངས་སུ་བཏེགས་ནས་མཆོད་པ་རྣམ་ལྔ་སོགས་རྒྱས་པར་ཕུལ་ཞིང་། ཕྱི་དྲོ་རིགས་དྲུག་གི་སྦྱིན་པའི་ཚོགས་སུ་གྱུར་བ་བསུར་བསྔོ་སོགས་ཀྱིས་རྒྱས་ལེགས་པར་གདབ་པོ།

སྐྱབས་རྗེ་ཁོང་གི་འདས་མཆོད་འདིར་སྐྱེ་སྒོ་གཅོད་པའི་དཀྱིལ་འཁོར་ཞལ་ཕྱེས་པའི་དགོས་པ་ནི། ངན་སོང་སྐྱེ་སྒོ་གཅོད་པའི་ཕན་ཡོན་ལས། འཁོར་བ་དོང་སྤྲུག་སྐྱེ་སྒོ་གཅོད་པའི་མདོ། ལུས་ལ་འཆང་ན་སྐུ་ཡི་སྟོན་པར་འགྱུར། ངག་ཏུ་བརྗོད་ན་གསུང་གི་སྟོན་པར་འགྱུར། ཡིད་ཀྱིས་བསྒོམ་ན་ཐུགས་ཀྱི་སྟོན་པར་འགྱུར། མཚལ་དང་སྣག་རྩ་ལ་སོགས་པའི་རིན་ཆེན་སྣ་ལྔའི་ཚོགས་ཀྱིས་བྲིས་ན། རིན་ཐང་གི་ཚེ་དང་བསོད་ནམས་དབང་ཐང་འཕེལ། སྒོ་བཞི་མཛོད་ལྔའི་མཆོད་པ་ལ་བརྟེན་ཏེ་བརྗོད་ན། སྒོ་བཞི་མཛོད་ལྔའི་སྟོན་པར་འགྱུར། མཁན་སློབ་ལ་ཡོངས་སུ་བསྔོ་སྟེ་བརྗོད་ན། འོལ་མོ་ལུང་རིང་གི་སྟོན་པར་སྐྱེས། ཞེས་གསུངས་པ་ཅི་བཞིན། བླ་མ་ཁོང་གི་ཕྱོགས་བྲལ་གྱི་ཐུགས་རྗེ་ཉེ་བར་གྱུར་བ་དང་། ཡང་ན་སྐྱབས་རྗེ་ཁོང་གི་བཀའ་དྲིན་རྗེས་སུ་དྲན་པ་སོགས་ལ་དམིགས་ནས་ཡར་མཆོད་མར་སྦྱིན་གྱི་མཆོད་པ་རྒྱས་པར་བཤམས་པ་འདི་ཡང་སྐྱབས་རྗེ་ཁོང་གི་འབྲེལ་ཐོག་གཙོར་བྱས་ནམ་མཁའི་ཁྱབ་པའི་སེམས་ཅན་ཐམས་ཅད་ལ་འབྲས་བུ་བླ་མེད་ཐོབ་པའི་རྒྱུ་རུ་གྱུར་ཅིག་གུ།

རྩོམ་སྒྲིག་པ། རེབ་སྐྱིད་ཡར་འཕེལ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།