བོན་བརྒྱ་ཐམས་ཅད་མཁྱེན་པ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོའི་སྐུ་ཡི་བཀོད་པ་བོན་དབྱིངས་སུ་དེངས་ནས་ལོ་འཁོར་ཧྲིལ་པོ་གཅིག་འཁོར་བའི་རྗེས་དྲན་དུས་མཆོད་ཆེན་མོ།

རྒྱལ་བའི་གསང་གསུམ་ཡོན་ཏན་ཐུགས་དབྱིངས་སུ་གཏམས་ཤིང་།།
ཡིད་འོང་མཚན་དཔེ་ལྷུན་རྫོགས་མི་ཡུལ་དུ་བཞད་ནས།།
སྙིགས་མའི་གྱེར་བསྟན་གསལ་བའི་སྒྲོན་མེ་ཞིག་སྤར་བའི།།
བོན་བརྒྱ་ཐམས་ཅད་མཁྱེན་པའི་ཞབས་རྗེས་དེ་དྲན་ཡོང་།

བསྟན་འགྲོར་ཉེ་བར་གཟིགས་པའི་གཞན་ཕན་གྱི་གཟི་འོད།།
ཀུན་གསལ་མཁྱེན་རབ་ཀློང་ནས་གཡོ་འགུལ་ནི་མེད་པའི།།
བཤད་སྒྲུབ་འཁོར་ལོ་བསྐོར་བའི་ཐུགས་རྗེ་ཡི་རང་མདངས།།
བོན་བརྒྱ་ཐམས་ཅད་མཁྱེན་པའི་མཛད་རྣམ་དེ་དྲན་ཡོང་།།

མེས་པོ་གཤེན་རབ་ཚང་གི་གླེགས་བམ་དེ་བསྣམས་ནས།།
མཁས་མང་འདུ་འཚོགས་དབུས་ནས་ཧོས་སྒོ་ཞིག་གྱེར་ནས།།
རིས་མེད་དགེ་ལྡན་བོད་ཁམས་འབྲུག་སྒྲ་བཞིན་ཁྱབ་པའི།།
བོན་བརྒྱ་ཐམས་ཅད་མཁྱེན་པའི་དབྱངས་གསལ་དེ་དྲན་ཡོང་།།

རི་ཁྲོད་གོང་མ་ནས།

མདོ་སྡེ་བཀའ་པོད་ཡོངས་ཀྱི་རྩ་མདུད་དེ་དཀྲོལ་ཞིང་།།
སྔགས་སྡེ་ལྟ་སྤྱོད་ཟུང་འབྲེལ་ཐུགས་ཉམས་སུ་བཞེས་ནས།།
རྫོགས་ཆེན་རྒྱལ་སར་ཕྱིན་པའི་རྣལ་འབྱོར་གྱི་རང་གཟུགས།།
བོན་བརྒྱ་ཐམས་ཅད་མཁྱེན་པའི་བརྗིད་ཉམས་དེ་དྲན་ཡོང་།།

དམུ་གཤེན་རྒྱལ་བའི་རྗེས་རབས་ལྷམ་མེ་རུ་འཚེར་ཞིང་།།
མཉམ་མེད་བླ་མའི་རིང་ལུགས་རྨ་མེད་དུ་བསྐྱངས་ནས།།
ཀུན་མཁྱེན་ཤར་རྫའི་དགོངས་གཏེར་ལུས་མེད་དུ་རྔུབ་པའི།།
བོན་བརྒྱ་ཐམས་ཅད་མཁྱེན་པའི་མཁྱེན་དཔྱོད་དེ་དྲན་ཡོང་།།

བཅུ་ཕྲག་རིག་པའི་གནས་ཀྱི་གཙུག་ལག་ཅིག་བཏབ་ཅིང་།།
མན་ངག་རྒྱ་མཚོའི་རྦ་རླབས་གངས་འདབས་སུ་འཁྱིལ་ནས།།
བདག་ཅག་བུ་སློབ་སེམས་ཅན་ཐུགས་དམ་དུ་ཟབ་པའི།།
བོན་བརྒྱ་ཐམས་ཅད་མཁྱེན་པའི་བྱམས་བརྩེ་དེ་དྲན་ཡོང་།།

རི་ཁྲོད་བར་མ་དང་འོག་མ་གཉིས་ནས།

ཞེས་གང་གི་ཐུགས་སྲས་དམ་པ་ཤར་རྫའི་རྒྱལ་ཚབ་གསུམ་པ་འཇིགས་མེད་དབང་ཕྱུག་མཆོག་གིས་རྩ་བའི་བླ་མ་བོན་བརྒྱ་ཐམས་ཅད་མཁྱེན་པ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོའི་སྐུ་ཡི་བཀོད་པ་བོན་དབྱིངས་སུ་དེངས་ནས་མི་ལོ་ཧྲིལ་པོ་གཅིག་འཁོར་བའི་རྗེས་དྲན་དུ་༧མདོ་ཁམས་བོན་གྱི་འདུས་སྡེ་ཆེན་མོ་དཔལ་ཀུན་མཁྱེན་ཤར་རྫ་པ་བཀྲ་ཤིས་རྒྱལ་མཚན་མཆོག་གི་གདན་ས་གོང་འོག་བར་གསུམ་གྱི་འདུས་སྡེ་ཡོངས་ཀྱིས་རྫོགས་ཆེན་སྐུ་གསུམ་རང་ཤར་གྱི་ཞལ་ཕྱེས་ནས་ཚོགས་མཆོད་འབུལ་བའི་རྟེན་དུ། ཚོགས་རྫས་ཀྱི་རིགས་དང་། འདུས་མང་གི་མང་ཇ། འདུས་མང་གི་གསོལ་ཟས། འདུས་སྡེའི་བླ་གྲྭ་རེ་རེའི་ཕྱག་ཏུ་དམངས་སྒོར་བརྒྱ་རེ་བཅས་གནང་སྦྱིན་མཛད་ནས་དམངས་སྒོར་ཁྲི་འགས་འགྲོ་གྲོན་གྱིས་ཚོགས་མཆོད་ཟབ་རྒྱས་འབུལ་བ་ལགས་པས། ངོ་བོ་སངས་རྒྱས་དང་མཉམ་ཞིང་བཀའ་དྲིན་སངས་རྒྱས་ལས་ལྷག་པའི་མདོ་སྨད་སྨྲ་སེང་རྣམ་གསུམ་གྱི་ཡ་གྱལ་རྗེ་བོན་བརྒྱ་ཐམས་ཅད་མཁྱེན་པ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་རིན་པོ་ཆེ་མཆོག་མི་མངོན་བདེ་ཆེན་གྱི་ཞིང་ནས་ཐུགས་དགོངས་ཚིམ་ཞིང་འདི་ཕྱི་ཚེ་རབས་ཀུན་ཏུ་ངེད་ཅག་བུ་སློབ་མཐའ་དག་ཐུགས་རྗེའི་གུར་ཁང་ནས་མི་འདོར་བར་མཁྱེན་མཁྱེན།།     

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།