བོན་བརྒྱ་རིན་པོ་ཆེའི་རྗེས་དྲན་ཆེད་དེབ་དང་འབྲེལ་བའི་གསལ་བརྡ།

རྩོམ་པ་པོ། ཁྱུང་བཟང་། རྩོམ་ཁུངས། རེབ་གོང་བོན་མང་དྲ་བ།

བོད་ཡུལ་སྟོད་སྨད་བར་གསུམ་དུ་བཞུགས་པའི་ངག་རིག་སྨྲ་བ་རྣམས་ཀྱི་སྙན་ལམ་དུ་ཞུ་གསོལ།

དེང་འདིར་རང་རེ་བོན་འབངས་རྣམས་ཀྱི་མེ་ཏོག་ཕོག་པའི་ལྷ་སྐལ། སྙིགས་མ་ལྔ་བདོའི་དུས་ཀྱི་འདྲེན་པ་ཆེན་པོ། ལྔ་རིག་སྨྲ་བའི་ཁྱུ་མཆོག་དམ་པ། ༧ རྗེ་བོན་བརྒྱ་ཐམས་ཅད་མཁྱེན་པ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་གང་ཉིད་དགོངས་པ་བོན་དབྱིངས་སུ་གཤེགས་ཏེ་མི་ལོ་གཅིག་འཁོར་བའི་རྗེས་དྲན་ཆེད་དེབ་དེ་ཉིད་ཟླ་བདུན་པའི་ཚེས་མགོར་པར་བསྐྲུན་ལེགས་འགྲུབ་བྱུང་སྟེ། དུས་མཆོད་དགེ་བའི་ཉིན་མོར་བོན་བརྒྱ་སྨན་རིའི་གླིང་གི་བླ་གྲྭ་ཡོངས་གཙོ་བྱས་པའི་དེར་འདུས་དད་འབངས་རྣམས་ལ་དངོས་སུ་འགྲེམས་སྤེལ་བྱས་ཟིན་ཅིང་། ད་ནི་རྩོམ་པ་པོ་རྣམ་པས་དཀའ་ཚེགས་སྐུ་ངལ་ལ་མ་འཛེམས་པར། བླ་སློབ་ཀྱི་དམ་ཚིག་གཙང་མའི་ངོས་དང་། མཆོད་ཡོན་གྱི་དད་གདུང་ཟབ་མོའི་ངོས། རྩོམ་མཁན་དང་ཀློག་མཁན་གྱི་རིག་གནས་འབྲེལ་བའི་ངོས། དེ་བཞིན་དུ་རིགས་རྒྱུད་འདུ་ཤེས་ཀྱི་ངོས་དང་། བདེན་པའི་རྒྱབ་སྐྱོར་གྱི་ངོས་སོགས་ནས། རང་རང་གི་རྣམ་དཔྱོད་རྩལ་དུ་སྤྲུགས་ཏེ་སྙན་འགྱུར་དབྱངས་སུ་རྫོགས་པའི་རྗེས་དྲན་རྩོམ་ཡིག་འདི་འདྲ་མང་པོ་ཞིག་གིས་རྒྱབ་སྐྱོར་གནང་བ་ལ་ཐུགས་རྗེ་ལགས་སོ་འབུལ་བའི་རྟེན་དུ་རྩོམ་མཁན་རེ་ལ་དེབ་རེ་ལེགས་སྐྱེས་སུ་འབུལ་འཆར་ཡོད་ཀྱང་། འདིར་ས་གནས་སོགས་བསྐུར་ས་བསྐུར་ཡུལ་མི་ཤེས་པའི་དཀའ་ངལ་ལ་འཕྲད་ཡོད་པས། རྒྱ་ཆེའི་རྩོམ་མཁན་རྣམ་པས་གཤམ་གྱི་དཀར་ཆག་ལ་གཟིགས་ཏེ། རང་རང་གི་རྩོམ་ཡིག་ཆེད་དེབ་ཏུ་བཀོད་ཡོད་ཚེ། ངེད་རྩོམ་སྒྲིག་པ་དག་ལ་འབྲེལ་བ་གནོངས་དང་ལེགས་སྐྱེས་དེབ་རེ་གང་མྱུར་དུ་བསྐུར་ངེས་ཡིན་ལགས། ཐུགས་རྗེ་ཆེ།

འབྲེལ་བ་གནང་ཡུལ། རེབ་སྐྱིད་ཡར་འཕེལ།

ཞེས་རེབ་གོང་བོན་མང་དྲ་ཚིགས་ལས་སྒྲུབ་ཁང་གིས།
སྤྱི་ལོ༢༠༡༩ལོའི་ལུགས་རྙིང་གི་ཟླ༧པའི་ཚེས༡༤ཉིན།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།