གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་རྒྱུན་ལས་ལས་འཛིན་ཚོགས་འདུ་ཐེངས་གསུམ་པ་མདོ་སྨད་ཤར་པ་རིན་སྤུངས་དགོན་དུ་འཚོགས་པ།

རྩོམ་པ་པོ། རེབ་སྐྱིད་ཡར་འཕེལ། རྩོམ་ཁུངས། རེབ་གོང་བོན་མང་དྲ་བ།

སྤྱི་ལོ་༢༠༡༩ལོའི་སྤྱི་ཟླ་༨པའི་ཚེས་༢༢ཉིན་གྱི་སྔ་དྲོའི་ཆུ་ཚོད་༡༠སྟེང་གངས་ལྗོངས་མདོ་དབུས་ཁམས་གསུམ་སྟེ་བོད་ལྗོངས་དང་མཚོ་སྔོན། ཀན་སུའུ། སི་ཁྲོན་སོགས་ནས་ཕེབས་ཡོང་བའི་ཚོགས་མི་རྣམས། ཟིང་ཆུ་རྫོང་གཙོ་ཚང་དགོན་གྲོང་རྡལ་ནས་ལམ་དུ་ཆས་ཏེ་རིན་སྤུངས་དགོན་བཀྲ་ཤིས་སྨིན་གྲོལ་གླིང་གི་ཕྱོགས་སུ་བསྐྱོད་པ་དང་། རིན་སྤུངས་དགོན་པའི་ལྷ་སྡེ་མང་ཚོགས་རྣམས་ཀྱིས་དབལ་ལུང་མདོ་ཁ་ནས་ལྷ་བསང་བཏང་སྟེ་ལམ་ཁ་ཡོངས་ནས་བསང་དུད་སྔོན་མོ་དགུང་དུ་འཕྱུར་བ་དང་ལྷན་ཅིག་བཀྲ་ཤིས་ལྷ་དར་དཀར་པོ་དད་གུས་ཀྱིས་མཐོ་རུ་བཏེགས་ནས་བསུ་བ་བྱས།

ཚོགས་མི་རྣམས་རིན་སྤུངས་དགོན་པའི་ཉེ་འདབས་སུ་ཕེབས་པ་ན་དགོན་པའི་བླ་གྲྭ་རྒན་གཞོན་ཚང་མས་སེར་ཕྲེང་བསྒྲིགས་ནས་བསུ་བ་རྒྱ་ཆེར་བྱས་ཤིང་། ཚོགས་ཆེན་འདུ་ཁང་ཆེན་མོའི་མདུན་ནས་ཚོགས་མི་རྣམས་གདན་བཞུགས་གནང་བ་དང་དགོན་པའི་ཚོགས་མང་གིས་གཤེན་རབ་མཆོད་རྔའི་གདངས་དབྱངས་སྙན་མོས་བསུ་བ་ལེགས་པར་བྱས་ཤིང་། ཚོགས་མང་ཡོངས་ནས་གཡུང་དྲུང་བསྟན་པ་རྒྱས་པའི་སྨོན་ལམ་གསུངས་པ་དང་ཆབས་ཅིག གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་རིན་པོ་ཆེ་དང་རིན་སྤུངས་དགོན་པའི་དབུ་བླ་ལྷུན་གྲུབ་བསྟན་འཛིན་རྣམ་གཉིས་ནས་སྲིད་པའི་བརྡ་དར་ཆེན་མོ་མཁའ་ལ་བསྒྲེངས།

སྔ་དྲོའི་ཆ་འདིར་རིན་སྤུངས་དགོན་བོན་གྱི་རིག་གཞུང་བགྲོ་གླེང་དང་རྒྱལ་ཁབ་དབུ་བརྙེས་ཏེ་ལོ་འཁོར་༧༠ལོན་པར་རྟེན་འབྲེལ་ཞུ་བའི་བཞུགས་མོལ་ཚོགས་འདུ་འཚོགས། རིན་སྤུངས་དགེ་བཤེས་བསྟན་འཛིན་ཡེ་ཤེས་དང་གྲྭ་བ་བསོད་ནམས་དར་རྒྱས་གཉིས་ཀྱིས་མདོ་འཛིན་བྱས་ཏེ་གྲྭ་བཙུན་བསོད་ནམས་དར་རྒྱས་ཀྱིས་ཚོགས་འདུའི་སྔོན་གླེང་བྱས།

རྔ་བ་ཁུལ་ཟིང་ཆུ་རྫོང་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་སྣང་ཞིག་སྤྲུལ་སྐུ་ཤེས་རབ་འོད་ཟེར་རྒྱལ་མཚན་མཆོག་གིས་རྟེན་འབྲེལ་ཞུ་བའི་ཤིས་ཚིག་གསུངས་པ་དང་། རྔ་བ་ཁུལ་དང་ཟིང་ཆུ་རྫོང་མི་དམངས་སྲིད་གཞུང་ནས་༼ རིན་སྤུངས་དགོན་བོན་གྱི་རིག་གཞུང་བགྲོ་གླེང་དང་རྒྱལ་ཁབ་དབུ་བརྙེས་ཏེ་ལོ་འཁོར་༧༠ལོན་པར་རྟེན་འབྲེལ་ཞུ་བའི་བཞུགས་མོལ་ཚོགས་འདུའི་ ༽ ཆོག་མཆན་ཡིག་ཆ་སྒྲོག་སྦྱང་གནང་།
རིན་སྤུངས་དགེ་བཤེས་གཙོ་ཁམས་ཆེན་དང་གྲྭ་བཙུན་ཤེས་རབ་དབང་རྒྱལ་གཉིས་ནས། ཐེངས་འདིའི་ཚོགས་འདུར་སྐུ་དངོས་སུ་ཕེབས་མ་ཐུབ་པའི་གདན་ས་ཁག་དང་མཁས་དབང་ཁག་ཅིག་ནས་གནང་བའི་རྟེན་འབྲེལ་ཤིས་ཚིག་སྒྲོག་སྦྱང་བྱས།

གྲྭ་བཙུན་ནམ་མཁའ་ཡེ་ཤེས་ཀྱིས་རིན་སྤུངས་དགོན་པའི་ལོ་རྒྱུས་མདོར་བསྡུས་མཚམས་སྦྱོར་དང་། ཨ་སྔགས་གཙུག་ཕུད་རྣམ་རྒྱལ་གྱིས་དགོན་པའི་ལོ་རྒྱུས་རྒྱ་ཡིག་གི་ལམ་ནས་མཚམས་སྦྱོར་བྱས། རིན་སྤུངས་དགོན་པའི་དབུ་བླ་རྣལ་འབྱོར་ལྷུན་གྲུབ་བསྟན་འཛིན་མཆོག་ནས་ཚོགས་ཞུགས་པ་ཡོངས་ལ་འཚམས་འདྲིའི་གསུང་བཤད་གནང་།

བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི་མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ་རིན་པོ་ཆེས་རྟེན་འབྲེལ་ཞུ་བའི་གསུང་བཤད་གནང་། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་རིན་པོ་ཆེས་རིན་སྤུངས་དགོན་པའི་རིག་གནས་ལོ་རྒྱུས་ཐད་ནས་གསུང་བཤད་གལ་ཆེན་གནང་།

ཟིང་ཆུ་རྫོང་མི་རིགས་ཆོས་དོན་ཅུས་ཀྱི་ཅུས་ཀྲང་སྐལ་བཟང་ལགས་ནས་གསུང་བཤད་གནང་བ། གཙོ་ཚང་དགོན་གྲོང་རྡལ་གྱི་ཧྲུའུ་ཅི་མེང་ཁྲིན་ཕེང་ནས་གསུང་བཤད་གནང་།

མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ་རིན་པོ་ཆེ་དང་སྣང་སྤྲུལ་ཤེས་རབ་འོད་ཟེར་རྒྱལ་མཚན་རིན་པོ་ཆེ་རྣམ་གཉིས་ལ་སྐུ་དྲིན་ལེགས་མཚོན་གྱི་དྲན་རྟེན་ལེགས་སྐྱེས་ཕུལ་བ། དེ་མཚུངས་སུ་ཐེངས་འདིར་རོགས་རམ་བྱས་པའི་གཙོ་ཚང་དགོན་གྲོང་རྡལ་གྱི་མགྲོན་ཁང་སྦྱིན་བདག་རྣམས་དང་། རིན་སྤུངས་དགོན་པའི་ལྷ་སྡེ་གྲོང་ཚོ་བརྒྱད་ལ་བཀའ་དྲིན་ལེགས་མཚོན་གྱི་བྱ་དགའི་ལེགས་སྐྱེས་གནང་སྟེ་སྔ་དྲོའི་མཛད་སྒོ་སྤེལ་བའི་ཚོགས་འདུ་ཡོངས་སུ་མཇུག་སྒྲིལ།

ཕྱི་དྲོའི་ཆུ་ཚོད་༢ཀྱི་སྟེང་། ཐོག་མར་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་རྒྱུན་ལས་ལས་འཛིན་ཚོགས་འདུ་ཐེངས་གསུམ་པའི་གྲོས་གཞི་གཏན་འབེབ་ཏུ་ཚོགས་གཙོའི་ཚོགས་འདུ་འཚོགས།

ཆུ་ཚོད་༣.༣༠སྟེང་ནས་ཚོགས་ཆེན་དངོས་སུ་འཚོགས་པ་དང་། རྒྱུན་ལས་ཚོགས་གཞོན་མཁན་པོ་རིག་འཛིན་དབང་རྒྱལ་མཆོག་གིས་མདོ་འཛིན་གནང་བ་དང་། ཚོགས་གཙོ་རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་རིན་པོ་ཆེ་ནས་རིན་སྤུངས་དགོན་པའི་སྐྱ་སེར་ཡོངས་དང་སྐུ་ངལ་ལ་མ་འཛེམས་པར་ཚོགས་འདུར་ཞུགས་པའི་ཚོགས་མི་ཡོངས་ལ་བཀའ་དྲིན་ཆེ་ཞུས་པ་དང་། ལོ་སྔོན་མའི་གྲོས་ཆོད་དོན་ཚན་ཁག་དང་བཀའ་རིན་པོ་ཆེ་དཔར་སྐྲུན་ལ་མཁོ་བའི་དཔེ་དེབ་དེབ་ཕྲེང་དྲུག་པར་རྩིས་ཡོད་པ། ལྷག་པར་རྒྱལ་བའི་བཀའ་རིན་པོ་ཆེའི་དཀར་ཆག་ཡག་པོ་དགོས་པ་སོགས་ཚོགས་འདུའི་གྲོས་གཞི་དང་འབྲེལ་ཏེ་དོན་ཚན་རྣམ་པ་ལྔའི་སྒོ་ནས་གསུང་བཤད་གལ་ཆེན་གནང་སྟེ་བོན་གྱི་འཁོར་ལོ་དུས་རྟག་དུ་འཁོར་བའི་བཀྲ་ཤིས་སྨོན་འདུན་དང་བཅས་མཇུག་བསྡུས།

མཚན་འཛིན་ཚོགས་གཙོ་ཚུལ་ཆེན་ཐེག་མཆོག་བསྟན་པའི་ཉི་མ་རིན་པོ་ཆེས་ཚོགས་འདུའི་གྲོས་གཞི་ལྟར་གྱི་གསུང་བཤད་གལ་ཆེན་གནང་། བློ་འདྲི་མི་སྣ་མཁས་དབང་སྐྱང་སྤྲུལ་དྲི་མེད་འོད་ཟེར་རིན་པོ་ཆེས་ཚོགས་འདུའི་གྲོས་གཞི་ལྟར་དུ་བཀའ་སློབ་གསུང་བཤད་གལ་ཆེན་གནང་བ་དང་། རིན་སྤུངས་དགོན་པས་རིན་སྤུངས་མཆོག་སྤྲུལ་ཤེས་རབ་རྣམ་རྒྱལ་གྱི་གསུང་འབུམ་དང་རེབ་གོང་བོན་མང་དྲ་ཚིགས་ལས་སྒྲུབ་ཁང་གིས་དཔར་བསྐྲུན་བྱས་པའི་བོན་བརྒྱ་རིན་པོའི་ཆེའི་རྗེས་དྲན་ཆེད་དེབ《མཚོ་ཆེན་སྐྱོམ་པའི་གདུང་དབྱངས།》གཉིས་འགྲེམ་སྤེལ་བྱས།

བོད་རིག་པའི་ཆེད་མཁས་པ་སྐུ་ཞབས་དོན་གྲུབ་ལྷ་རྒྱལ་ལགས་ཀྱིས་ཚོགས་འདུའི་གྲོས་གཞི་ལྟར་དུ་ཚོགས་པའི་མདུན་ལམ་དང་འབྲེལ་བའི་གསུང་བཤད་གལ་ཆེན་གནང་བ་དང་། དྲུང་གཞོན་རིན་སྤུངས་ཚུལ་བསྟན་ལགས་ཀྱིས་མཉམ་འབྲེལ་ལྷན་ཚོགས་ཀྱི་ལོ་ངོ་གཅིག་རིང་གི་བྱ་བའི་བརྒྱུད་རིམ་དང་འབྲེལ་བའི་ཡོང་སྒོ་དང་འགྲོ་སོང་གི་རྩིས་ཁྲ་ཞིབ་གསལ་གྲོས་ཚོགས་སྟེང་ནས་སྙན་ཞུ་ཕུལ་བ་དང་བཅས་ཉིན་དང་པོའི་གནས་ཚུལ་རགས་བསྡུས་ཙམ་མོ།།

ཉིན་གཉིས་པ།

ཞོགས་པའི་ཆུ་ཚོད་༧.༣༠སྟེང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་རྣམས་སྨན་རིའི་ཁྲི་འཛིན་སོ་བཞི་བའི་འཁྲུངས་ཡུལ་དུ་ཕེབས་པ།

ཆུ་ཚོད་༩ སྟེང་མཉམ་འབྲེལ་ལྷན་ཚོགས་ཀྱི་དྲུང་གཞོན་རིན་སྤུངས་ཚུལ་བསྟན་ནས་འགོ་འཛིན་མཛད་དེ་ལས་དོན་ཁག་གི་སྙན་ཞུ་ཚོགས་འདུ་འཚོགས། དྲུང་ཆེ་འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས་མཆོག་ནས་ལོ་འདིའི་རིང་ལ་བསྒྲུབས་པའི་ཀྲུང་ཧྭའི་བཀའ་བསྟན་ཆེན་མོ་ལས་གཡུང་དྲུང་བོན་གྱི་རྒྱལ་བའི་བཀའ་རིན་པོ་ཆེ་དཔར་བསྐྲུན་གྱི་ཕྱོགས་ནས་སྙན་ཞུ་ཕུལ།

ཚོགས་གཞོན་མཁན་ཤེས་རབ་གཡུང་དྲུང་དབང་རྒྱལ་མཆོག་ནས་ཞང་ཞུང་གཟི་འོད་རིག་གནས་བརྗེ་སྤེལ་འགན་འཁྲི་ཚད་ཡོད་ཀུང་ཟིའི་མིང་ཐོག་ནས་ལྟ་སྐུལ་གནང་བའི་སྒྲོན་སྐལ་རྟགས་ཅན་གྱི་མཆོད་མར་ལས་དོན་སྐོར་ནས་གྲོས་ཚོགས་སྙན་ཞུ་ཕུལ།

ཚོགས་གཞོན་སྣང་སྤྲུལ་ཤེས་རབ་འོད་ཟེར་རྒྱལ་མཚན་མཆོག་ནས་ཀྲུང་ཧྭའི་བཀའ་བསྟན་ཆེན་མོ་ལས་གཡུང་དྲུང་བོན་གྱི་བཀའ་རིན་པོ་ཆེའི་དཔེ་རྙིང་འཚོལ་བསྡུའི་ལས་དོན་སྐོར་ནས་གྲོས་ཚོགས་ལ་སྙན་ཞུ་ཕུལ་བ་དང་། དཔེ་རྙིང་འཚོལ་བསྡུའི་ཁྲོད་ནས་འཕྲད་པའི་དཀའ་ཁག་དང་བོན་འབངས་ལྷག་བསམ་ཅན་མང་པོས་རྒྱབ་སྐྱོར་བྱས་པ་སོགས་གསལ་དག་གི་སྒོ་ནས་སྙན་ཞུ་ཕུལ།

ཆུ་ཚོད་༡༡ སྟེང་མཉམ་འབྲེལ་ལྷན་ཚོགས་ཀྱི་གྲོས་གཞི་དང་འབྲེལ་བའི་བགྲོ་གླེང་ཚོགས་འདུ་འཚོགས་པ་དང་། ཚོགས་གཙོ་ཤེས་རབ་བསྟན་པའི་ཟླ་བ་མཆོག་གཙོ་བྱས་པའི་ཚོགས་ཞུགས་མི་སྣ་ཡོངས་ཀྱིས་ཐེངས་འདིའི་ཚོགས་འདུའི་གྲོས་གཞི་དང་འབྲེལ་བའི་བསམ་འཆར་བསྡུ་ལེན་གྱི་བགྲོ་གླེང་ཚོགས་འདུ་དོན་ཚན་རྣམ་པ་དྲུག་གི་སྟེང་ནས་གནང་སྟེ་སྔ་དྲོའི་གྲོས་ཚོགས་མཇུག་རྫོགས།

ཕྱི་དྲོའི་ཆུ་ཚོད་༢.༣༠ སྟེང་དམིགས་བསལ་མཛད་སྒོ་སྤེལ་བའི་མདོ་འཛིན་པ་ནི་སྒོ་ཤེས་རབ་གྲགས་པས་མཛད་པ་དང་། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་དང་ཧི་མ་ལ་ཡའི་བོན་དྲ་བ་གཉིས་ཀྱིས་མཉམ་གཉེར་གནང་བའི་དཔེ་མཛོད་ཁང་ཤར་གཏོང་གི་མཛད་སྒོ་སྤེལ་བ་དང་། ཚོགས་གཙོ་རྩེ་ཞིག་ཚང་དང་མཁན་ཆེན་ཚུལ་ཁྲིམས་བསྟན་འཛིན་དབང་རྒྱལ་མཆོག་རྣམ་གཉིས་ནས་ཧི་མ་ལ་ཡའི་བོན་དཔེ་མཛོད་ཁང་དབུ་འབྱེད་ཤར་གཏོང་མཛད། དྲ་བའི་རྩོམ་སྒྲིག་པ་རིན་སྤུངས་ཚུལ་བསྟན་ནས་དྲ་ངོས་དཔེ་མཛོད་ཁང་ངོ་སྤྲོད་གནང་བ་དང་དགེ་ཕན་སོགས་བརྗོད།

ཞང་ཞུང་ཤེས་རིག་ཞིབ་འཇུག་དེབ་གཉིས་པ་འགྲེམ་སྤེལ་མཛད་སྒོ་སྤེལ་བ་དང་། སྐྱང་སྤྲུལ་དྲི་མེད་འོད་ཟེར་མཆོག་དང་། ཤར་རྫའི་མཁན་པོ་རིག་འཛིན་དབང་རྒྱལ་མཆོག་རྣམ་གཉིས་ཀྱིས་ཞང་ཞུང་ཤེས་རིག་ཞིབ་འཇུག་དེབ་གཉིས་པའི་དབུ་འབྱེད་གནང་བ་དང་། གཙོ་སྒྲིག་པ་ཉག་སྤྲུལ་བསོད་ནམས་རྒྱ་མཚོས་ཞང་ཞུང་ཤེས་རིག་ཞིབ་འཇུག་དེབ་གཉིས་པ་ངོ་སྤྲོད་གནང་།

བོད་ལྗོངས་ཞང་ཞུང་རིག་དངོས་ཁྱད་ཐོན་ཚད་ཡོད་ཀུང་ཟིའི་འགན་འཛིན་པ་བཀྲ་ཤིས་རྒྱ་མཚོ་ནས་གནའ་བོའི་ཞང་ཞུང་དངོས་མེད་ཤུལ་བཞག་རིག་གནས་ཞལ་ཐང་ཆེན་མོ་ངོ་སྤྲོད་གནང་།

སྐྱང་སྤྲུལ་དྲི་མེད་འོད་ཟེར་རིན་པོ་ཆེ་མཆོག་ནས་རྒྱལ་བའི་བཀའ་རིན་པོ་ཆེ་དཔར་བསྐྲུན་གྱི་ཐད་ལ་མཉམ་འབྲེལ་ལྷན་ཚོགས་ལ་དམངས་སྒོར་ཁྲི་༢༦གནང་། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱིས་དབལ་ཁྱུང་དགོན་པའི་རྒྱལ་བའི་བཀའ་རིན་པོ་ཆེ་ལ་བདག་གཉེར་དོ་དམ་གནང་བ་དང་མ་འོངས་པར་སྔར་ལས་ལྷག་པའི་སྲུང་སྐྱོབ་བྱ་དགོས་པ་དང་བཀའ་འགྱུར་ལྷ་ཁང་ཡག་པོ་ཞིག་བཞེངས་དགོས་པའི་བཀའ་སློབ་དང་བཅས་ཞལ་འདེབས་ལ་དམངས་སྒོར་ཁྲི ༢༠ གནང་།

ཆུ་ཚོད ༥ བའི་སྟེང་ཚོགས་འདུའི་གྲོས་གཞི་དང་འབྲེལ་བའི་བགྲོ་གླེང་ཚོགས་འདུ་འཚོགས་པ། མཉམ་འབྲེལ་ལྷན་ཚོགས་ཀྱི་དྲུང་ཡིག་པ་མཁན་པོ་བསྟན་པའི་ཉི་མ་མཆོག་གིས་མདོ་འཛིན་གནང་བ་དང་། ཚོགས་མི་མང་པོས་རང་རང་གི་ལྟ་བ་བརྗོད་པ་དང་གཡུང་དྲུང་བོན་གྱི་རྒྱལ་བའི་བཀའ་རིན་པོ་ཆེའི་དཀར་ཆག་རྩོམ་སྒྲིག་ཚན་ཁག་གི་ཚོགས་གཙོ་འདེམས་བསྐོ་བྱས་པ་དང་བཅས་ཉིན་གཉིས་པའི་གནས་ཚུལ་རགས་བསྡུས་ཙམ་མོ།

ཉིན་གསུམ་པ།

གཡུང་དྲུང་བོན་གྱི་ཞི་བདེའི་སྨོན་ལམ་ཆེན་མོ་ཐེངས་བཞི་བ་རིན་སྤུངས་བཀྲ་ཤིས་སྨིན་གྲོལ་གླིང་གི་འདུ་ཁང་ཁྱམས་ར་ནས་འཚོགས།

དྲུང་ཡིག་པ་མཁན་པོ་ཚེ་དབང་རིག་འཛིན་གྱིས་མདོ་འཛིན་གནང་བ་དང་། སྤྲུལ་པདྨ་རིན་ཆེན་མཆོག་གིས་ཞི་བདེའི་སྨོན་ལམ་ཆེན་མོ་དང་འབྲེལ་བའི་གསུང་བཤད་གལ་ཆེན་གནང་།

མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་ཞུགས་ཡོངས་དང་ཤར་ཁོག་གི་མཁན་སློབ་བླ་སྤྲུལ་གྲྭ་མང་འདུས་པ་ཡོངས་གཡུང་དྲུང་བོན་གྱི་ཞི་བདེའི་སྨོན་ལམ་ཆེན་མོར་མཉམ་ཞུགས་གནང་སྟེ་སྨོན་ལམ་རྒྱ་ཆེན་གསུང་བ་དང་། གཡུང་དྲུང་བོན་གྱི་བླ་སྤྲུལ་བརྒྱ་ཕྲག་ལྷག་གིས་དད་ལྡན་མང་ཚོགས་ཡོངས་ལ་མཇལ་ཁ་གནང་སྟེ་ཞི་བདེའི་སྨོན་ལམ་ཆེན་མོ་མཇུག་རྫོགས།

ཕྱི་དྲོའི་ཆུ་ཚོད ༣ གྱི་སྟེང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་ཞུགས་ཡོངས་རབ་བརྟན་མི་འགྱུར་བླ་བྲང་གི་ཉིས་ཐོག་ནས་ཚོགས་འདུའི་གྲོས་གཞི་དང་མཐུན་པའི་བགྲོ་གླེང་ཚོགས་འདུ་འཚོགས་པ་དང་། དྲུང་ཡིག་པ་ཤེལ་ཞིག་དོན་ལྷས་འགོ་འཛིན་གནང་བ་དང་ཚོགས་ཞུགས་པ་ཡོངས་ཀྱིས་ཆུ་ཚོད་གཅིག་དང་ཕྱེད་ཀའི་རིང་ལ་རང་ཉིད་ཀྱི་ལྟ་བ་བརྗོད། དེ་ནས་ཚོགས་ཞུགས་པ་རྣམས་ཀྱིས་སྐར་བཅུའི་རིང་ལ་ངལ་གསོ་བྱས་པ་དང་།

ཆུ་ཚོད ༤.༣༠ སྟེང་དྲུང་ཡིག་པ་རྒྱལ་མཚན་དྲི་མེད་ཀྱིས་མདོ་འཛིན་གནང་སྟེ་མུ་མཐུད་དུ་ཚོགས་འདུའི་གྲོས་གཞི་དང་མཐུན་པའི་བགྲོ་གླེང་ཚོགས་འདུ་འཚོགས། ཚོགས་མི་མང་ཆེ་བས་རྒྱལ་བའི་བཀའ་རིན་པོ་ཆེ་ལ་ཞུ་དག་གི་སྐོར་དང་། དཀར་ཆག་བཟོ་ལུགས་ཐད་ནས་བསམ་འཆར་བཏོན།

ཆུ་ཚོད ༦ སྟེང་དུ་ཚོགས་མི་ཡོངས་ནས་དགོང་ཟས་བཞེས་པ་དང་བཅས་ཉིན་གསུམ་པའི་གནས་ཚུལ་རགས་བསྡུས་ཙམ་དུ།

ཉིན་བཞི་བ།

སྔ་དྲོའི་ཆུ་ཚོད༩ སྟེང་རབ་བརྟན་མི་འགྱུར་བླ་བྲང་གི་ཉིས་ཐོག་ནས་དྲུང་ཡིག་པ་ཨ་ཀུན་གསལ་ཟླ་བས་མདོ་འཛིན་གནང་སྟེ་ཐེངས་འདིའི་གྲོས་ཆོད་གཏན་འབེབས་ཚོགས་འདུ་འཚོགས།

ཆུ་ཚོད ༡༠.༣༠ མཇུག་སྡོམ་ཚོགས་འདུ་འཚོགས་པ་དང་། དྲུང་ཆེ་འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས་ཀྱིས་མདོ་འཛིན་གནང་།

དྲུང་ཆེས་གྲོས་ཆོད་ཁག་ཁྱབ་བསྒྲགས་གནང་། གཡུང་དྲུང་བོན་གྱི་བཀའ་ཆེན་མོའི་སྒྲིག་ཞུའི་ལས་དོན་ཐད་ལ་དམིགས་བསལ་རོགས་འདེགས་གནང་མཁན་ཁག་ཅིག་ལ་ཐུགས་རྗེ་ཆེ་ཞུ་བའི་ལེགས་སྐྱེས་གནང་། མཁས་དབང་བོན་བརྒྱ་རིན་པོ་ཆེའི་གསུང་འབུམ་རྩོམ་སྒྲིག་ཁང་གིས་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་གཞུང་སྒྲུབ་ཁང་ལ་གསུང་འབུམ་ཚར་གཅིག་གནང་བ་ལ་བཀའ་དྲིན་ཞུས།

རིན་སྤུངས་དགོན་པའི་ཀྲུའུ་རིན་གཞོན་པས་ཐེངས་འདིའི་ཚོགས་ཞུགས་མི་སྣ་ཡོངས་ལ་ང་ཚོས་ཞབས་ཞུ་དང་ཕྱོགས་གང་ཐད་ནས་མི་འདང་ས་ཡོད་སྲིད་པས་ཚོགས་ཞུགས་མི་སྣ་ཡོངས་ལ་དགོང་དག་ཞུས་པ་དང་། མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་མཆོག་གིས་ཐེངས་འདིའི་སྦྱིན་བདག་རིན་སྤུངས་དགོན་ལ་རྒྱལ་བའི་བཀའ་རིན་པོ་ཚར་གཅིག་བཀའ་དྲིན་ལེགས་སྐྱེས་གནང་།

ཐེངས་འདིའི་གྲོས་ཚོགས་ལ་འགན་ཁུར་བ་རིན་སྤུངས་དགོན་གྱིས་ཐེངས་རྗེས་མའི་ཚོགས་འདུའི་འགན་ཁུར་བ་མཚོ་སྔོན་དུང་དཀར་དགོན་ལ་མཉམ་འབྲེལ་ལྷན་ཚོགས་ཀྱི་མཚོན་རྟགས་བརྒྱུད་སྤྲོད་གནང་།

ཚོགས་གཙོ་རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་ནས་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་སྐབས་གཉིས་པའི་རྒྱུན་ལས་ལས་འཛིན་ཚོགས་འདུ་ཐེངས་གསུམ་པའི་མཇུག་སྡོམ་གསུང་བཤད་གལ་ཆེན་གནང་།

ཚོགས་ཞུགས་པ་ཡོངས་ཀྱིས་གཡུང་དྲུང་བསྟན་པ་རྒྱས་པའི་སྨོན་ལམ་གསུངས་ཏེ་ཐེངས་འདིའི་ཚོགས་འདུ་རྒྱལ་ཁའི་ངང་ཉིན་བཞི་བའི་གནས་ཚུལ་རགས་བསྡུས་དང་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་སྐབས་གཉིས་པའི་རྒྱུན་ལས་ལས་འཛིན་ཚོགས་འདུ་ཐེངས་གསུམ་པ་ཡོངས་སུ་མཇུག་སྒྲིལ་བའི་གནས་ཚུལ་རགས་བསྡུས་ཙམ་མོ།།

རྩོམ་སྒྲིག་པ། རེབ་སྐྱིད་ཡར་འཕེལ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།