བོན་བརྒྱ་དགོན་གྱི་མཆོག་གསུམ་མཆོད་པའི་ལྷ་ཁང་གི་གདུང་དར་བཏེགས་པ།

རྩོམ་པ་པོ། ལ་རམ། རྩོམ་ཁུངས། རེབ་གོང་བོན་མང་དྲ་ཚིགས།

དེ་ཡང་སྐྱབས་རྗེ་བླ་མའི་གདན་ས་ཁྱད་པར་ཅན་བོན་བརྒྱ་དགོན་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་གི་མཆོག་གསུམ་མཆོད་པའི་ལྷ་ཁང་བསྐྱར་བཞེངས་ཀྱི་རིམ་པ་ལས་ཟླ་བ་དགུ་བའི་ཚེས་པ་བདུན་གྱི་ཉིན་བཟང་སྐར་བཟང་གི་དུས་འདིའི་ཉིན་གུང་གི་ཆུ་ཚོད་བཅུ་གཅིག་སྟེང་སྐུ་ཚ་གཡུང་དྲུང་དབང་རྒྱལ་དང་། སྤྲུལ་སྐུ་ལྷུན་འགྲུབ་དཔལ་ཆེན་རྒྱ་མཚོ། མཁན་པོ་གཡུང་དྲུང་བསྟན་པ། དགོན་པའི་དོ་དམ་མི་སྣ། ལྷ་ཁང་བསྐྱར་བཞེངས་ཐད་ཀྱི་འགན་འཛིན་པ་སོགས་གཙོ་བྱས།

སྒོས་སུ་རེབ་གོང་བོན་མང་ཕུར་ཐོགས་སྟོང་དང་དགུ་བརྒྱ་དང་རོང་འབྲོག་གི་མང་ཚོགས་འདུས་པའི་དུས་དང་བསྟུན། བསང་མཆོད་རྒྱ་ཆེན་པོ་དང་རྔ་གཤང་དུང་གླིང་གི་སྒྲ་དང་བཅས་གྲྭ་ཚང་འདུས་པ་རྒྱ་མཚོ་ནས་རྩེ་དོན་གཉིས་ལྷུན་གྲུབ་ལྷ་ཁང་གི་མདུན་དུ་ཀུན་སྐྱོབ་བྱམས་མའི་སྔགས་བསྟོད་དང་། སྟོན་པ་ལ་བསྟོད་པའི་མཛད་པ་བཅུ་གཉིས། བར་ཆད་ལམ་སེལ་བསམ་པ་ལྷུན་འགྲུབ། བོན་སྐྱོང་དམ་ཅན་རྒྱ་མཚོའི་བསྐང་བ་དང་གཡང་འབོད་སོགས་ཀྱི་གསུང་དབྱངས་དང་འགྲོགས་ནས་ལྷ་ཁང་ཆེན་མོའི་གདུང་དར་ལེགས་པར་བཏེགས་ཤིང་རྟེན་འབྲེལ་གྱི་རང་གྲུབ་སིལ་ཏོག་མང་དུ་གཏོར།

མཇུག་མཐར་ལས་བཟོ་བ་ཡོངས་ལ་བཀའ་དྲིན་དང་སེམས་འདུན་མཚོན་བྱེད་དུ་དྲི་མེད་ཁ་བཏགས་དཀར་པོ་ལེགས་སྐྱེས་སུ་ཕུལ་ཞིང་། གྲྭ་ཚང་འདུས་སྤྱི་ནས་ཀྱང་བསྟན་དར་སྨོན་ལམ་གྱི་དབྱངས་རྟ་དང་འགྲོགས་ནས་མཇུག་ལེགས་པར་གྲུབ་པའོ།།

རྩོམ་སྒྲིག་པ། རེབ་སྐྱིད་ཡར་འཕེལ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།