རེབ་གོང་བོན་མང་གི་བཅུ་བའི་སྒྲུབ་མཆོད་ཆེན་མོ།

རྩོམ་ཁུངས། རེབ་གོང་བོན་མང་དྲ་ཚིགས།

སྤྱི་ལོ༢༠༡༩ལོའི་རེབ་གོང་བོན་མང་ཕུར་ཐོགས་སྟོང་དང་དགུ་བརྒྱའི་བཅུ་བའི་སྒྲུབ་མཆོད་དམ་སྟོན་ཆོས་ཆེན་མོ་ནི་ཧོར་ཟླ་བཅུ་བའི་ཚེས་བརྒྱད་ནས་བཅུ་གཅིག་བར་གླིང་བརྒྱའི་བོན་ཚང་མའི་གསས་ཁང་མདོ་སྔགས་ཕུན་ཚོགས་དར་རྒྱས་གླིང་དུ་འཚོགས་ཤིང་། ཉིན་དང་པོར་རང་བཞིན་བྱིན་རླབས་ཀྱི་དབྱིངས་ནས་རོལ་མོའི་དབྱངས་སྙན་གྱི་བསུ་བ་གདན་འདྲེན་དང་བཅས་ཡར་འཚོགས་བྱས་ཤིང་། ཁྱད་པར་དུ་བོན་མང་ཕུར་ཐོགས་སྟོང་དང་དགུ་བརྒྱས་གཙོས་པའི་རེབ་འདིའི་ལས་སྣ་ཡོངས་ཀྱི་རེ་ཞུ་ལྟར་ཉིན་གསུམ་གྱི་རིང་ལ་དཔལ་ལྡན་རྩ་བའི་བླ་མ ༧ དཔལ་སྐྱང་སྟོན་རྒྱལ་བའི་དབང་པོ་ནམ་མཁའ་ཚུལ་ཁྲིམས་བསྟན་འཛིན་རིན་པོ་ཆེ་མཆོག་གིས་སྐུ་ཚེགས་དཀའ་ལས་ལ་མ་འཛེམ་པར་ཞབས་ཟུང་གསེར་གྱི་འཁོར་ལོ་བོན་ཚང་མའི་ཡུལ་དུ་བསྒྱུར་ཅིང་། བོན་མང་འདུས་པ་རྒྱ་མཚོའི་ཚོགས་དབུར་བཞུགས་གསོལ་གནང་སྟེ་དད་ལྡན་སྐྱེ་འགྲོ་ཡོངས་ཀྱི་ཡིད་ཀྱི་དངས་པ་རྨང་ནས་འདྲེན་པར་མཛད།

ཉིན་དང་པོར་ཁྲི་བ་ཆེན་མོ་མཁའ་འབུམ་ཚེ་རིང་ལགས་དང་ཉིན་གཉིས་པར་ཁྲི་བ་ཆེན་མོ་གནམ་ལྷ་ཚེ་རིང་ལགས་དང་རྒྱ་ནག་གི་སློབ་འབངས་སོགས་ཀྱིས་འགྱེད་གཏོང་རྒྱ་ཆེར་གནང་སྟེ་རྒྱུ་བསོད་ནམས་ཀྱི་ཚོགས་ཆེན་པོ་རྒྱ་ཆེར་བསགས་ཤིང་། དགེ་བསྐོས་ཆེན་མོ་ཀུན་ཏེ་ལགས་ནས་ཚོགས་མང་སྒྲིག་ལམ་དང་བཅས་པའི་ཚོགས་གཏམ་རྒྱས་པར་ཕུལ། རེབ་གོང་བོན་མང་དྲ་ཚིགས་ལས་སྒྲུབ་ཁང་གིས་བོན་མང་འདུས་པ་རྒྱ་མཚོར་རྗེ་བླ་མ་བོན་བརྒྱ་རིན་པོ་ཆེའི་རྗེས་དྲན་ཆེད་དེབ《མཚོ་ཆེན་སྐྱོམས་པའི་གདུང་དབྱངས》རེ་བོན་སྦྱིན་དུ་བསྩལ།

ཚེས་བཅུའི་ཉིན་བོན་སྐྱོང་དམ་ཅན་རྒྱ་མཚོ་རེ་རེའི་གར་འཆམ་གྱི་རིམ་པ་དང་བཅས་མཇུག་ལེགས་པར་གྲུབ་རྗེས། དཔལ་སྐྱང་སྟོན་རྒྱལ་བའི་དབང་པོ་ནམ་མཁའ་བསྟན་འཛིན་རིན་པོ་ཆེ་ནས་སྟག་ལའི་དབང་བྱེའུ་འཕར་མའི་སྟ་གོན་གནང་ཞིང་། མཚོ་སྔོན་དང་ཧྲན་ཞི། ཧྲིན་དབྱང་། ཐེན་ཅིན། ཞིན་ཅང་སོགས་ནས་ཕེབས་པའི་དད་ལྡན་ཚོགས་མང་ཡོངས་ལ་དབང་བརྡ་ལེགས་པར་སྤྲད་ཅིང་རྗེ་ཐམས་ཅད་མཁྱེན་པ་བླ་མ་བོན་བརྒྱ་རིན་པོ་ཆེའི་བླ་ན་མ་མཆིས་པའི་བཀའ་དྲིན་རྗེས་སུ་དྲན་པ་དང་ཐུགས་དགོངས་རྫོགས་ཕྱིར་ནམ་ཡང་རྣམ་དཀར་དགེ་བའི་ལས་ལ་གཞོལ་དགོས་ངེས་དང་། གསལ་བ་དགུ་འཛབ་ཀྱི་སྙིང་པོ་ཆགས་མེད་དུ་བཟླ་དགོས་ལུགས་སོགས་བློ་ལྡོག་བོན་བཞི་དང་འབྲེལ་ནས་བཀའ་སློབ་མང་དུ་བསྩལ།

ཚེས་བཅུ་གཅིག་ཉིན་གྱི་ཞོགས་པར་སྒྲུབ་མཆོད་ཀྱི་རྫོགས་རིམ་དང་བཅས་ལས་སྣ་སྔ་མ་དག་གིས་ལོ་གསུམ་གྱི་འགན་ཡོངས་སུ་གྲུབ་པར་བཀྲ་ཤིས་ལེགས་གསོལ་ཕུལ་བ་དང་། རེབ་ཕྱི་མའི་ལས་སྣ་གསར་བརྐོ་མཛད་པའི་རིམ་པ་ནི། རེབ་གོང་བོན་མང་ཕུར་ཐོགས་སྟོང་དང་དགུ་བརྒྱའི་བྱིངས་འདྲེན་ཆེན་མོ་བོན་ཚང་མའི་དཔའ་མཁར་ཚེ་རིང་དང་། དགེ་བསྐོས་ཆེན་མོ་བོན་ཚང་མའི་དབང་ཆེན་ཚེ་རིང་། སྙན་བཟང་ཀུན་ཐར་རྒྱལ། སྐྱིད་ཚང་རིན་ཆེན་རྒྱལ། སྐྱིད་ཚང་གནམ་ལྷ་རྒྱལ། ཁྱུང་པོ་ཐང་གི་ཁྲི་བ་ཆེན་མོ་སྟག་ལྷ་འབུམ་བཅས་དང་། གཡུང་དྲུང་སློབ་དཔོན་ཁྱུང་པོ་རྟ་མགྲིན་བཅས་ལ་བཀྲ་ཤིས་ལྷ་དར་ཕུལ།

དེའི་རྗེས་སུ་བླ་མ་སྐྱང་སྤྲུལ་རིན་པོ་ཆེས་སྟག་ལ་སྤུ་གྲི་དཀར་ནག་དམར་གསུམ་གྱི་དངོས་གཞིའི་དབང་བསྐུར་མཛད་ཅིང་། སླར་ཡང་ཟབ་གསལ་དོན་གྱི་གནས་ལུགས་དང་སྦྲགས་ཏེ་བོན་མང་འདུས་པ་རྒྱ་མཚོའི་རྒན་གཞོན་དང་བཅས་པའི་དད་ལྡན་སློབ་འབངས་ཡོངས་ལ་བཀའ་སློབ་གསེར་གྱི་དབྱངས་སྙན་ལེགས་པར་འཁྲོལ། དད་ལྡན་མང་ཚོགས་རྣམས་ཀྱིས་ཕུལ་བའི་དམངས་སྒོར་རྣམས་བོན་བརྒྱ་སྨན་རི་བཤད་སྒྲིབ་སྨིན་གྲོལ་གླིང་གི་སློབ་གླིང་དུ་ཕུལ་བ་དང་བོན་མང་འདུས་སྤྱི་ནས་ཕུལ་བའི་དབང་ཡོན་རྣམས་ཀྱང་ཕྱིར་བོན་མང་འདུས་པ་རྒྱ་མཚོར་ཕུལ་ཏེ་བཀྲ་ཤིས་གཡང་འབོད་ཅི་རིགས་བརྗོད་པ་དང་བཅས་མཇུག་ལེགས་པར་གྲུབ་པའི་གནས་ཚུལ་རགས་བསྡུས་ཙམ་མོ།།

ཞེས་རེབ་གོང་བོན་མང་དྲ་ཚིགས་ལས་སྒྲུབ་ཁང་ནས་སྤེལ་བའོ།།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།