ཤར་གྱི་རྒྱལ་སྲས།

~ཤར་ཙོང་ཁ་བ་ལ་ཕུལ་བའི་རྗེས་དྲན།

རིག་པའི་ཁུ་བྱུག

བློ༵་གྲོས་རྒྱ་མཚོའི་སྟོབས་མངའ་བ།།
བཟ༵ང་སྤྱོད་རྒྱལ་སྲས་གཤིས་ཀ་ཅན།།
གྲ༵གས་དཀར་བ་དན་མཁའ་གཡོ་བ།།
པ༵་ཊུའི་ཁྱུ་མཆོག་གང་ཞབས་བསྔགས།།

ལྷ་ལྡན་ཞིང་གི་ཤར་ཕྱོགས་ན།།
ཙོང་ཁ་ས་འཛིན་ལྷུན་པོའི་འདབས།།
འཇམ་དཔལ་ཡེ་ཤེས་ཐིག་ལེ་འོད།།
རྒྱལ་སྲས་ཁྱེའུ་ཆུང་རྣམ་པར་འཕགས།།

འཁྲུལ་སྣང་དབྱིངས་ཞིག་སྒོམ་ཆེན་པ།།
ཞུ་སྟོན་ཆགས་མེད་བྱ་བྲལ་བས།།
བྱིན་རླབས་ཟླ་འོད་ཆབ་བྲན་པས།།
མཚན་དཔེ་ངུར་སྨྲིག་ཀུར་གུམ་བཞད།།

ཁྱུང་ཕྲུག་ཚང་ནས་འཕུར་བ་ལྟར།།
དགུང་ན་ཕྲ་ཡང་གངས་ཅན་སྟོད།།
འགྲིམས་ནས་ཕྱོགས་མེད་གསན་བསམ་མཛད།།
མང་ཐོས་ཙོང་ཁའི་རྒྱལ་ཁམས་པ།།

བོན་དང་བཀའ་རྙིང་ས་ཇོ་སྡེའི།།
སྐྱེས་ཆེན་གསེར་རིའི་ཕྲེང་བ་ལས།།
ཟབ་རྒྱས་མན་ངག་བདུད་རྩི་བཞེས།།
གཞན་དྲང་མི་འཇོག་ཐུགས་སྤོབས་བརྙེས།

ཡིད་ཀྱི་ཁྱེའུ་ཆུང་བྱིན་རླབས་སྲས།།
རང་གྲོལ་ཅི་པར་ཝེར་ཞིའི་ཞབས།།
དག་སྣང་སྟོབས་ཀྱིས་ཉེར་བསྟེན་ནས།།
ཟབ་གདམས་ཐོབ་པས་ཉམས་རྟོགས་འཕེལ།།

ཆུ་བོ་གསེར་ལྡན་ཀླུང་ཆེན་འགྲམ།།
ཡེ་ཤེས་སྤྱན་ལྡན་མཉམ་མེད་པར།།
བསྟོད་ཕྱག་སྐུ་གསུམ་ལྷུན་གྲུབ་མཆོག །
འཛམ་གླིང་ཞིང་ལ་གསུང་རྟེན་བཞག །

སྟོང་རྒྱུང་གར་རོལ་དཔྲ་སྟོན་མཆོག །
མཁའ་སྤྱོད་མྱུལ་བའི་ཕེབས་ལམ་མཚམས།།
བར་ལྷ་འོད་གསལ་ཞིང་ཁམས་ནས།།
ཁྱེད་མཇལ་བགྲོ་གླེང་རྣམ་ཐར་རྨད།།

དཔལ་ལྡན་རྒྱལ་བ་སྨན་རི་བ།།
ཨ་མོ་རི་ལ་གདན་དྲངས་ནས།།
ས་འདུལ་བྱིན་རླབས་མཛད་པའི་ཤུལ།།
ཁྱེད་ཀྱིས་དགེ་ལྡན་གླིང་ཆེན་བཙུགས།།

ཐུབ་བསྟན་བྱི་དོར་བྱེད་པའི་གནས།།
དགའ་ལྡན་རྣམ་པར་རྒྱལ་བའི་གླིང་།
རྣམ་མཁྱེན་གཤེན་རབ་ཀླུ་འབུམ་བཀའ།།
མི་ཟད་ཤིང་པར་ཕྱི་མོ་བསྐྲུན།།

བོན་ཆོས་ཟུང་གི་གཞུང་ལུགས་ཀུན།།
གཟིགས་ཐེངས་གཅིག་གིས་མཁྱེན་དཔྱོད་ཆེ།།
རོང་སྟོན་སྨྲ་བའི་སེང་ཆེན་དང་།།
འདུལ་བའི་བགྲོ་གླེང་ཐུགས་འདྲིས་རྨད།།

འདུལ་བའི་རྟགས་འཛིན་དུས་མཐའ་འདིར།།
བསླབ་གསུམ་འདུས་སྡེ་སྤེལ་དགོས་ཞེས།།
གཤེན་གྱི་དྲང་སྲོང་མཉམ་མེད་པས།།
ཁྱོད་ལ་ཐུགས་བརྩེས་ཡང་ཡང་གདམས་།

ཞིག་ཆེན་གདུང་ལ་སྨྲ་སེང་གར།།
འཁྲུངས་ནས་དབུས་གཙང་རུ་མཚམས་ཞིང་།།
བོན་གྱི་མདོ་སྔགས་གདན་ས་ཆེ།།
འབྱུང་ཞེས་ཁྱེད་གསུང་ལུང་བསྟན་མཚར།།

བསྟན་པ་ཐམས་ཅད་འགལ་མེད་དུ།།
རྟོགས་པར་བསྐུལ་བ་ཐུགས་དག་ངེས།།
བོན་ལ་སྐྱབས་ན་བཟང་ངོ་ཞེས།།
ལྷད་མེད་ཞལ་གདམས་གནང་འདིས་མཚོན།།

གང་ཁྱེད་མཛད་འཕྲིན་ཆུ་གཏེར་ལས།།
བོན་དང་འབྲེལ་བའི་རྣམ་ཐར་མཆོག །
ཕྱོགས་འཛིན་ཀླུ་དབང་གྲེ་ནོར་འདི།།
རྒྱལ་མཚན་རྩེ་ལ་བླངས་ཏེ་བཀོད།།

དེ་ཡང་འདི་ནི་རྗེ་ཙོང་ཁ་བ་བློ་བཟང་གྲགས་པ་མཆོག་བོན་གྱི་བླ་ཆེན་རྣམས་དང་འབྲེལ་ཡོད་ལས་འཕྲོས་ཏེ་ཆ་ཤས་ཙམ་བཀོད་པ་ཡིན་ལ།  གཞན་བོན་གྱི་སྐྱེས་ཆེན་མང་ཙམ་ལ་འབྲེལ་འདྲིས་ཟབ་ཚུལ་ནི་རྗེས་སུ་ཁ་བསྣན་བྱེད་འཆར་ལགས་སོ།།
2019.10.8ཉིན།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།