ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་བཞི་པ་རིན་པོ་ཆེ་མཆོག་ཉེ་ཆར་ཐེ་ལན་ཌི་Thailand རུ་འགྲོ་དོན་དུ་ཕྱོགས་ཕེབས་མཛད་པའི་སྐོར།

རྩོམ་པ་པོ།སྐྱབས་རྗེ་མཆོག་གི་ཕྱག་ཞབས་ཚན་ཆུང་།  རྩོམ་ཁུངས།རེབ་གོང་བོན་མང་དྲ་བ།

དེ་ཡང་གཡུང་དྲུང་བོན་གྱི་དབུ་ཁྲིད་བླ་ཆེན་༧ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་བཞི་པ་རིན་པོ་ཆེ་མཆོག་རྒྱལ་སྤྱིའི་ཧི་མ་ལ་ཡ་ཞང་ཞུང་རྫོགས་ཆེན་གླིང་གི་དབུ་འཛིན་བླ་མ་ཨ་དཀར་པ་རིན་པོ་ཆེ་མཆོག་གིས་ཆེད་དུ་གདན་ཞུས་ཇི་ལྟར་གསོལ་བ་བཏབ་པ་ལྟར། སྤྱི་ལོ་༢༠༡༩། ཟླ་བ་༡༢། པའི་ཚེས་༡༠། ཉིན་རྒྱལ་ས་ལྡི་ལི་རྒྱལ་སྤྱིའི་གནམ་ཐང་ནས་ཆིབས་ཐོན་གྱིས། མཁའ་ལམ་བརྒྱུད་ཐེ་ལན་ཌའི་རྒྱལ་ས་བྷན་གྷོ་Bangkok རུ་བདེ་ལེགས་ངང་ཕེབས་འབྱོར་ཆིབས་བསུ་གནང་། 

སྤྱི་ཚེས་༡༡་ཉིན་གྱི་སྔ་དྲོར་རྒྱལ་སྤྱིའི་ཧི་མ་ལ་ཡ་ཞང་ཞུང་རྫོགས་ཆེན་གླིང་གི་སློབ་མ་དྲུག་བརྒྱ་ཙམ་རུ་བསྟར་གུས་འདུད་ཀྱིས་བླ་མའི་རྣལ་འབྱོར་གྱེར་འདོན་དབྱངས་དང་བཅས་ཏེ། ༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་བཞི་པ་རིན་པོ་ཆེ་མཆོག་དང་། ༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་༧མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་མཆོག་རྣམ་གཉིས་ཚོམས་ཆེན་དུ་གདན་འདྲེན་ཞུས་ཤིང་མི་འཇིགས་མངོན་མཐོའི་ཁྲི་ལ་བཞུགས་སུ་གསོལ་བ་དང་།

བླ་མ་ཨ་དཀར་པ་རིན་པོ་ཆེ་ཡིས་རྟེན་འབྲེལ་མནྜལ་འདེགས་འབུལ་ཞུས། དེ་ནས་སྐྱབས་འགྲོའི་སྡོམ་པ་འབོག་ཆོག་གི་དབུ་བཟུང་སྟེ། ༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་བཞི་པ་རིན་པོ་ཆེ་མཆོག་ནས་རྒྱལ་སྤྱིའི་ཧི་མ་ལ་ཡ་ཞང་ཞུང་རྫོགས་ཆེན་གླིང་དུ་གསར་ཞུགས་ཀྱི་སློབ་མ་གྲངས་བརྒྱ་དང་ལྔ་བཅུ་ལྷག་ཙམ་ལ་ཕྱི་ནང་བོན་གྱི་འཇུག་སྒོ་སྐྱབས་འགྲོའི་སྡོམ་པ་བཀའ་དྲིན་བསྩལ་གནང་མཛད།

དེ་བཞིན་ཕྱི་དྲོར་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་བཞི་པ་རིན་པོ་ཆེ་མཆོག་ནས། རྒྱལ་སྤྱིའི་ཧི་མ་ལ་ཡ་ཞང་ཞུང་རྫོགས་ཆེན་གླིང་གི་སློབ་མ་སྟེ། རྒྱལ་ཁབ་མི་འདྲ་བ་བཅུ་གཅིག་ནས་ཆེད་བཅར་ཞུས་པའི་སློབ་མ་དྲུག་བརྒྱ་ཙམ་ལ།

ཤེས་རབ་སྨྲ་བའི་སེང་གེའི་དབང་ཁྲིད་དང་ཚེ་སྒྲུབ་གཡུང་དྲུང་ཚེ་དཔག་མེད་ཀྱི་དབང་ཆོག་སྦྲག་མའི་སྒོ་ནས་རིག་པའི་ལྷ་མཆོག་ཤེས་རབ་སྨྲ་བའི་སེང་གེའི་བཀའ་དབང་ཟབ་རྒྱས་བསྐུར་ཅིང་། དབང་དམ་དང་འབྲེལ་བའི་བླང་འདོར་གྱི་བཀའ་སློབ་གནད་སྨིན་བཀའ་དྲིན་བསྩལ་གནང་མཛད།
སྤྱི་ཚེས་༡༢་ཉིན་གྱི་སྔ་དྲོར་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་བཞི་པ་མཆོག་དང་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་༧མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་མཆོག་རྣམ་གཉིས་ཚོམས་ཆེན་ཁང་དུ་ཕེབས་བསུ་གདན་དྲངས་ཤིང་མངོན་མཐོའི་ཁྲི་འཕང་ལ་བཞུགས་སུ་གསོལ།

དེ་ནས་དགེ་འདུན་པ་རྣམས་ནས་བསང་གསོལ་གྱི་ཆོ་ག་གསུངས་གྲུབ་རྗེས་ཡེ་ཤེས་དབལ་མོའི་གར་འཆམ་གཟིགས་འབུལ་ཞུས། དེ་རྗེས་རྒྱལ་སྤྱིའི་ཧི་མ་ལ་ཡ་ཞང་ཞུང་རྫོགས་ཆེན་གླིང་གི་དབུ་འཛིན་བླ་མ་ཨ་དཀར་པ་མཆོག་གིས་གཙོས་པའི་དགེ་སློབ་ཐུན་མོང་ནས་སྟབས་གཅིག་ཏུ། དཔོན་གསས་བླ་མ་དགྱེས་པའི་མཆོད་སྤྲིན་དུ།

ལྟ་སྒོམ་གྱི་མཆོད་པ་བྱ་བ་རྩ་རླུང་སྒོམ་རིམ་དང་། འདོན་དབྱངས། དངོས་འབྱོར་རྫས་ཀྱི་མཆོད་ཡོན་རྣམས་རིམ་པར་ཕུལ། དེ་ནས་ཉིན་དེའི་ཕྱི་དྲོར་རྒྱལ་སྤྱིའི་ཧི་མ་ལ་ཡ་ཞང་ཞུང་རྫོགས་ཆེན་གླིང་དབུ་བརྙེས་ནས་བགྲང་བྱ་མི་ལོ་བཅུ་ཧྲིལ་པོ་འཁོར་བའི་དུས་ཆེན་གྱི་མཛད་སྒོ་དབུ་འབྱེད་གནང་།

ཚོགས་མགོན་དུ་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་བཞི་པ་མཆོག་དང་༧མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་མཆོག་རྣམ་གཉིས་གདན་ཞུས་བཀའ་དྲིན་བསྐྱངས་ཤིང་། ༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་བཞི་པ་རིན་པོ་ཆེ་མཆོག་ནས། རྒྱལ་སྤྱིའི་ཧི་མ་ལ་ཡ་ཞང་ཞུང་རྫོགས་ཆེན་གླིང་གི་དགེ་སློབ་ཡོངས་ལ་བཀའ་སློབ་བསྩལ་དོན།
སྤྱིར་གཡུང་དྲུང་བོན་གྱི་བསྟན་པ་འདི་ཉིད་ལོ་རྒྱུས་ཡུན་རིང་ལྡན་ཞིང་སངས་རྒྱས་སྒྲུབ་པའི་ཐབས་ལ་མདོ་སྔགས་རྫོགས་གསུམ་དང་གཞི་ལམ་འབྲས་གསུམ་ཚང་ལ་རྣམ་པར་དག་པ་ཞིག་ཡིན་སྐོར་དང་། ད་ལན་ཁྱེད་ཅག་གིས་དལ་འབྱོར་གྱི་མི་ལུས་ཐོབ་པའི་དུས་འདིར་ཆུད་གཟོས་སུ་མ་གཏོང་བར། བླ་མ་ཨ་དཀར་པ་མཆོག་གིས་གཉེར་སྐྱོང་གནང་བའི་བོན་ཚོགས་འདི་ཉིད་ལ་དད་མོས་རྣམ་པར་དག་པའི་སྒོ་ནས་ཞུགས་ཤིང་དགེ་སློབ་རྣམས་ཀྱིས་ཐུགས་མཐུན་དམ་གཙང་ངང་ཉམས་ལེན་གནང་མུས་ལ་བསྔགས་བརྗོད་དང་།

མུ་མཐུད་རྒྱུན་སྐྱོང་གོང་འཕེལ་ཡོང་བར་སྐུལ་མ་གནང་ཞིང་། བོན་ཉམས་ལེན་གྱི་སྐབས་སུ་སྐྱབས་འགྲོ་སེམས་བསྐྱེད་དག་ཀྱང་གཞན་དོན་ལ་འབྲེལ་བར་སྒོམ་པས་དགེ་འགྱུར་ཆེ་སྐོར་སོགས་ཀྱི་བཀའ་སློབ་བཀའ་དྲིན་བསྩལ་པ་མ་ཟད། རྒྱལ་སྤྱིའི་ཧི་མ་ལ་ཡ་ཞང་ཞུང་རྫོགས་ཆེན་གླིང་ལ་སྨན་རིའི་མཁན་རབས་རིམ་བྱོན་གྱི་ཞལ་ཐང་དང་། གཞན་ཡང་༧སྐྱབས་རྗེ་ཞིང་གཤེགས་དམ་པ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པའི་གདུང་རུས་དང་ན་བཟའ་སོགས་བྱིན་རྟེན་དུ་གནང་སྦྱིན་མཛད། དེ་རྗེས་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་༧མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་མཆོག་ནས་ཀྱང་། དགེ་སློབ་ཡོངས་ལ་བསྔགས་བརྗོད་དང་འབྲེལ་མ་འོངས་པར་ཡང་བོན་ཚོགས་འདི་ཉིད་གོང་འཕེལ་སྔར་ལྷག་ཡོང་བའི་འབོད་སྐུལ་དང་བཅས་བོན་སྒོར་ཞུགས་པས་མཆོག་གསུམ་ལ་ཡིད་ཆེས་པ་དང་། དེ་ཡང་རྨོངས་དད་ཙམ་གྱིས་མ་ཡིན་པར་དེའི་ཚུལ་ཤེས་རྟོགས་གལ་ཆེ་བ་དང་། ནམ་རྒྱུན་འཚོ་བའི་ནང་དུ་ཆགས་སྡང་རྨོངས་གསུམ་སོགས་སེམས་རྒྱུད་མ་བདེ་བ་བྱུང་སྐབས་དེ་དག་གྲོལ་བར་བྱ་དགོས་སྐོར་སོགས་བཀའ་སློབ་སྙིང་བསྡུས་བསྩལ་གནང་མཛད། དེ་བཞིན་རྒྱལ་སྤྱིའི་ཧི་མ་ལ་ཡ་ཞང་ཞུང་རྫོགས་ཆེན་གླིང་ལ་༧རྒྱལ་བའི་བཀའ་རིན་པོ་ཆེ་ཚར་གཅིག་བྱིན་རྟེན་དུ་གནང་བ་མ་ཟད།

༧སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སྨྲ་བའི་དབང་པོ་རིན་པོ་ཆེ་མཆོག་ནས་བསྩལ་པའི་ཐུགས་སྨོན་ཤིས་ཚིག་ཀྱང་སྒྲོག་སྦྱོང་མཛད། དེ་རྗེས་རྒྱལ་སྤྱིའི་ཧི་མ་ལ་ཡ་ཞང་ཞུང་རྫོགས་ཆེན་གླིང་གི་དབུ་འཛིན་ཨ་དཀར་པ་རིན་པོ་ཆེ་མཆོག་གིས་མཛད་སྒོ་འདི་དང་འབྲེལ་བའི་གསུང་བཤད་དང་། ཐུགས་རྗེ་ལེགས་གསོལ་གྱི་མཇུག་བསྡོམ་གསུང་དོན། ད་ལན་འདིར་ཅི་ལྟར་གསོལ་འདེབས་ཞུས་དོན་ལྟར་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་པའི་༧ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་བཞི་པ་རིན་པོ་ཆེ་མཆོག་དང་། ༧དཔལ་ལྡན་ཁྲི་བརྟན་ནོར་རྩེའི་༧མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་རྣམ་གཉིས་ཀྱིས་དབུས་པའི་དགེ་འདུན་པ་རྣམས་དང་། དེ་བཞིན་རྒྱལ་ཁབ་ཁག་མི་འདྲ་བ་ཕྱོགས་སོ་སོ་ནས་ཕེབས་པའི་རྒྱལ་སྤྱིའི་ཧི་མ་ལ་ཡ་ཞང་ཞུང་རྫོགས་ཆེན་གླིང་གི་སློབ་མ་ཡོངས་ལ་ཐུགས་རྗེ་བཀའ་དྲིན་ཆེ་ཞུས་ཀྱིས་མཛད་སྒོ་ཡོངས་སུ་ཁ་དགེ་བཀྲ་ཤིས་ཀྱི་ངང་ནས་མཇུག་ལེགས་པར་གྲུབ། །

སྤྱི་ཚེས་༡༣་ཉིན་༧ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་དང་༧མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་མཆོག་རྣམ་པ་གཉིས་དང་དགེ་འདུན་པ་རྣམས་བཅས་སྟོན་འཁོར་ལྷན་རྒྱས་བྷན་གྷོ་Bangkok གྲོང་ཁྱེར་ནང་གི་དགོན་སྡེ་སོགས་གནས་ཡུལ་ཁག་གཅིག་ལ་གཟིགས་སྐོར་ཕེབས་གནང་མཛད།
ཉིན་དེའི་དགོང་དྲོར་ཐེ་ལན་ཌིར་Thailand རྟེན་གཞི་བྱས་པའི་ཀུན་སྒྲོལ་བདེ་ཆེན་གླིང་གི་དགེ་སློབ་སྐོར་ཞིག་གིས་༧སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་ལ་ཆེད་བཅར་མཇལ་ཁ་དང་། རྒྱལ་ཡུམ་བྱམས་མའི་མཚན་ཕྱག་ཉུང་བསྡུས་སོགས་ཀྱི་ལྗགས་ལུང་དང་བཀའ་སློབ་ལམ་སྟོན་གང་དགེ་ཞུས།

སྤྱི་ཚེས་༡༤་ཉིན་སྟོན་འཁོར་ལྷན་རྒྱས་གྲོང་ཁྱེར་བྷན་གྷོ་Bangkok རྒྱལ་སྤྱིའི་གནམ་ཐང་ནས་མཁའ་ལམ་བརྒྱུད་རྒྱ་གར་དུ་ཕེབས་གནང་མཛད། སྤྱི་ཚེས༡༥་ཉིན་རྒྱལ་ས་ལྡི་ལི་ནས་ཆིབས་ཐོན་གྱིས། ཧི་མ་ཅལ་གྱི་རི་སུལ་དུ་གནས་པའི་༧གདན་ས་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་ཞབས་སོར་བདེ་བླག་ངང་བཀོད་ཟིན་པའི་མཛད་ཕྲིན་གནད་བསྡུས་སོ། །

སྤྱི་ལོ་༢༠༡༩། ཟླ་བ་༡༢། ཚེས་༡༧། ཉིན།
པར་མཁོ་འདོན་པ་ཧི་མ་ལ་ཡ་ཞང་ཞུང་རྫོགས་ཆེན་གླིང་།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།