སྙིང་པོ་རྣམ་གསུམ་གྱི་གོ་དོན།

སྙིང་པོ་རྣམ་གསུམ་གྱི་གོ་དོན།
གསལ་བ་དགུ་འཛབ།
བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ།

༄༅། ། ཨ་ཨཱོྃ་ཧཱུཾ། སྐུ་གསུམ་མམ་སྐུ་གསུང་ཐུགས་ཀྱི་སྙིང་པོ་ནི་སངས་རྒྱས་ཐམས་ཅད་ཀྱི་གསང་གསུམ་འདུས་པའི་ཡེ་ཤེས་ལྔ་ལྡན་གྱི་དོན་ནོ།། ཨཱ་ཨ་དཀར། གཞིའི་ཡི་གེ་འབྲུ་གསུམ་སྟེ། ཨཱ། གཞི་རང་འབྱུང་ཡེ་ཤེས་ངོ་བོ་གཡོ་བ་མེད། ཨ། རང་བཞིན་སྐྱེ་མེད། དཀར། བག་ཆགས་དྲི་མའི་སྐྱོན་གྱིས་མ་གོས་པའོ། སལེ་འོད་ཨ། ལམ་གྱི་ཡི་གེ་འབྲུ་གསུམ་སྟེ། བསྐྱེད་རྫོགས་རྫོགས་པ་ཆེན་པོའི་ལམ་ཉམས་སུ་ལེན་པར། སལེ། མཚན་མ་དང་བཅས་པའི་སེམས་རྩེ་གཉིས་སུ་མ་སོང་བ་དང་། འོད། རྣམ་རྟོག་ཐམས་ཅད་སེམས་ཉིད་རིག་པའི་ངང་དུ་རང་གྲོལ་དུ་སོང་བ་དང་། ཨ། སྦྱོང་བྱེད་ལམ་གྱི་སྟོབས་ཀྱིས་སྒྲིབ་གཉིས་རྣམ་པར་གྲོལ་བ་རང་རྒྱུད་ལ་དངོས་སུ་སྨིན་པར་བྱེད་པའོ། ། ཡཾ་ཨཱོྃ་འདུ། འབྲས་བུའི་ཡི་གེ་འབྲུ་གསུམ་སྟེ། སྦྱང་གཞི་བདེ་བར་གཤེགས་པ་འི་སྙིང་པོ་དེ་ལ་སྦྱང་བྱ་གློ་བུར་བག་ཆགས་ཀྱི་དྲི་མས་སྒྲིབ་པ་ནི་ཉི་མ་སྤྲིན་གྱིས་སྒྲིབ་པ་བཞིན་གྱུར་ན་ཡང་། ཉི་མའི་རང་བཞིན་འོད་གསལ་བ་ལ་གནོད་པ་ཅི་ཡང་མ་བྱུང་བས། སྤྲིན་རང་སར་དག་པས་ཉི་མའི་འོད་མངོན་དུ་གྱུར་བ་བཞིན། གློ་བུར་བའི་སྤྲིན་པ་དག་པས་གཞིའི་རང་བཞིན་ཡེ་དག་ཡིན་པ་མངོན་དུ་གྱུར་བ་ལ་འབྲས་བུ་ཞེས་བརྗོད། དེ་ཡང་། ཡཾ་ནི་རླུང་གི་ས་བོན་ཡིན་པས་སྲོག་རྩོལ་གྱི་བྱེད་ལས་ནང་དུ་དྲངས་པས་དབུ་མར་ཞུགས་གནས་ཐིམ་གསུམ་བྱུང་བས། རྟོག་ཚོགས་རང་སར་ཞི་བའི་ཡེ་ཤེས་ཤར་བ་སྟེ། ཨཱོྃ། མཐར་ཐུག རྟེན་བོན་སྐུ། ལོངས་སྐུ། སྤྲུལ་སྐུ། ངོ་བོ་ཉིད་སྐུ། མངོན་པར་བྱང་ཆུབ་པའི་སྐུ། བརྟེན་པ་སྟོང་ཉིད། སོར་རྟོགས། བྱ་གྲུབ། མེ་ལོང་། མཉམ་ཉིད་ཡེ་ཤེས་སོགས་དུས་གཅིག་ཏུ་མངོན་པར་རྫོགས་པའི་སངས་རྒྱས་པ་སྟེ། འདུ། དེ་ཉིད་རིག་པ་ཐིག་ལེ་གཅིག་གི་ངང་དུ་བྱང་ཆུབ་པའོ། །
དུ་ཏྲི་སུ།
ཨཱ། དབྱིངས་ཀྱི་ཡུམ་ཆེན་མོ་ས་ཏྲིག་ཨེར་སངས། དཀར། ཡེ་ཤེས་ཀྱི་ལྷ་གཤེན་ལྷ་འོད་དཀར། ཨ། ཐབས་ཀྱི་མཆོག་སངས་པོ་འབུམ་ཁྲི། རྨད། ཤེས་རབ་མཆོག་སྟོན་པ་གཤེན་རབ་སྟེ་བདེ་གཤེས་གཙོ་བཞི། དུ། དམྱལ་བ། ཏྲི། ཡི་དྭགས། སུ། བྱོལ་སོང་སྟེ་ཞེ་སྡང་འདོད་ཆགས་གཏི་མུག་གིས་བསྐྱེད་པའི་ངན་འགྲོ་གསུམ་མོ།། ནག་པོ། ལས་ཉོན་གྱིས་བསྐྱེད་པའི་མཐོ་རིས་གསུམ་བཅས་འཁོར་བའི་ལས་ངན་སྡིག་སྒྲིབ་ཐམས་ཅད་འདག་པར་བྱེད་དགོས་པ་ལ། ཞི་ཞི། བདེ་གཤེགས་གཙོ་བཞིའི་བྱིན་རླབས་ཀྱིས། འཁོར་བའི་རྒྱུ་ལས་ཉོན་འབྲས་བུ་སྡུག་བསྔལ་དང་བཅས་པ་ཐམས་ཅད་ཞི་བ་ཆེན་པོའི་དབྱིངས་སུ་སངས། མལ་མལ། མཐར་ཐུག་བདེ་བར་གཤེགས་པའི་གོ་འཕང་ཐོབ་ནས་འདྲེན་པ་སྟོན་པ་ཆེན་པོར་གྱུར། སྭཱ་ཧཱ། དེ་ལ་ལམ་དུས་སུ་ལོག་རྟོགས་རུ་ཏྲ་བར་ཆོད་ཀྱི་རྐྱེན་དུ་གྱུར་བ་ཐམས་ཅད་ཞི་ནས་བདེ་བ་ཆེན་པོའི་གཞི་ཚུགས་པར་གསོལ་བ་གདབ་པའོ།། སྒོམ་ཚུལ་ནི། རང་ཉིད་གཤེན་རབ། སྤྱི་བོར་དབྱིངས་ཡུམ། ཕྲག་གཡས་གཤེན་ལྷ། ཕྲག་གཡོན་སངས་པོ། རྩ་གནས་རྣམས་སུ་སངས་རྒྱས་སྟོང་། ཐུགས་ཀར་རིག་པའི་ངོ་བོ་ཨཱཿཡིག་ལ་བཟླས་སྔགས་ཀྱིས་བསྐོར། འོད་ཟེར་ཀུན་ཏུ་འཕྲོས་པས་སེས་ཅན་གྱི་ལས་ཉོན་སྡུག་བསྔལ་སྡིག་སྒྲིབ་དང་བཅས་པ་དག ལྷ་སྔགས་ཏིང་འཛིན་མ་བྲལ་བར་བཟླའོ། །
མ་ཏྲི།
ཨཱོྃ། རྒྱལ་བ་ཡབ་སྟེ་ཐབས་ཀྱི་མཁའ། མ། ཡུམ་ཤེས་རབ་ཀྱི་ཀློང་སྟེ་རྒྱལ་བ་ཡབ་ཡུམ་གྱི་ས་བོན། ཏྲི། དམྱལ་བ་འདྲེན་པའི་སངས་རྒྱས་མུ་ཆོ་ལྡེམ་དྲུག༼སྐུ་མདོག་སྔོ་དམར།༽ མུ། ཡི་དྭགས་འདྲེན་པའི་སངས་རྒྱས་གསང་བ་ངང་རིང་། ༼སྐུ་མདོག་དམར་ལྗང་། ༽ ཡེ། བྱོལ་སོང་འདྲེན་པའི་སངས་རྒྱས་ཏི་སངས་རང་ཞི། ༼སྐུ་མདོག་ལྗང་། ༽ ས། མི་ཡི་ཐུབ་པ་གྲ་བྱིན་དོན་སྤུངས། ༼སྐུ་མདོག་སེར། ༽ ལེ། ལྷ་མིན་ཐུབ་པ་ལྕེ་རྒྱལ་པར་ཏི། ༼སྐུ་མདོག་སྔོ། ༽ འདུ། ལྷ་ཡི་ཐུབ་པ་ཡེ་གཤེན་གཙུག་ཕུད། ༼སྐུ་མདོག་དཀར། ༽ རིགས་དྲུག་གི་ཞིང་ཁམས་སྣོད་བཅུད་དང་བཅས་པ་ལས་སྒྲིབ་ཐམས་ཅད་དག་ནས་བདེ་བར་གཤེགས་པའི་སྐུར་གྱུར་བར་བསམ། །
སྙིང་པོ་རྣམ་གསུམ་ཁ་བཏོན་དུ་འདོན་པའི་རྒྱའི་སློབ་བུ་རྣམས་ཀྱིས་ཁྲིད་ལུང་དགོས་ཞེས་ངོ་མ་ལྡོག་ཙམ་དུ་བྲིས་པའོ། །

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།